0971-8201019
མ་ཤོག > ལོ་རྒྱུས། > སྨན་པ་གྲྭ་ཚང་། >

 

 

སྡེ་དགེ་དང། སྐུ་འབུམ། བླ་བྲང་བཀྲ་ཤིས་འཁྱིལ། བྱ་ཁྱུང་བཅས་སུ་སྨན་པ་གྲྭ་ཚང་ཕྱག་བཏབ་ཚུལ

ཡོང་ཁུངས།   ཡོངས་འཛིན་དྲ་བ།   |   ཀློག་གྲངས།    

         《བོད་ཀྱི་གསོ་རིག་ལོ་རྒྱུས་སྐོར་གྱི་དྲིས་ལན་རྒྱ་མཚོར་འཇུག་པའི་གྲུ་གཟིངས》ལས། ཀུན་གཟིགས་ཆེན་པོ་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་སྤྱི་ལོ1727ལོར་སྡེ་དགེ་དཔལ་སྤུངས་ཆོས་འཁོར་གླིང་ཕྱག་བཏབ་ཅིང། དེ་གར་གསོ་རིག་གིས་མཚོན་པའི་བཅུ་ཕྲག་རིག་པའི་བཤད་གྲྭ་བཙུགས་ཏེ་སྐུ་ངོ་མས་འཛིན་སྐྱོང་འཆད་སྤེལ་གྱི་ཐུགས་འགན་བཞེས་པ་སོགས་རྣམ་དཀར་དགེ་བའི་འཕྲིན་ལས་ལ་བརྟེན། སྨད་མདོ་ཁམས་ཀྱི་ཡུལ་དུ་རིག་པའི་གནས་སྤྱི་དང་སྒོས་སུ་གསོ་རིག་གི་བསྟན་པའི་སྲོལ་སྔར་བས་དར་ཞིང་རྒྱས་པར་མཛད། མཁྱེན་བརྒྱའི་བདག་ཉིད་ཆེན་པོ་དེའི་སྐལ་ལྡན་གྱི་སློབ་མའི་གྲས་སུ་གསོ་དཔྱད་ཀྱི་ཐད་གྲགས་ཆེ་བ་ནི་ཀརྨ་ངེས་ལེགས་བསྟན་འཛིན་དང། སྡེ་དགེའི་ཆོས་རྒྱལ་བསྟན་པ་ཚེ་རིང། དེའུ་དམར་དགེ་བཤེས་བསྟན་འཛིན་ཕུན་ཚོགས་སོགས་བྱུང། བདག་ཉིད་ཆེན་པོ་རྗེ་ཙོང་ཁ་པ་སྐུ་བལྟམས་པའི་གནས་ཏེ། སྐུ་འབུམ་བྱམས་པ་གླིང་གི་གསོ་རིག་དར་རྒྱས་གཞན་ཕན་ནོར་བུའི་གླིང་ཞེས་མཛེས་པའི་རྒྱན་བཟང་མངོན་པ་དེ་ནི། རྒྱལ་མཆོག་བདུན་པའི་ཡོངས་འཛིན་གྱི་འགན་བཞེས་མྱོང་བའི་གདན་སའི་ཁྲི་ཆེན་བཅོ་བརྒྱད་པ་ཆུ་བཟང་བློ་བཟང་བསྟན་པའི་རྒྱལ་མཚན་ཚོགས་ཆེན་མཁན་པོའི་ཁྲིར་བཞུགས་སྐབས། བོད་རབ་བྱུང་བཅུ་གཉིས་པའི་ལྕགས་ཡོས་སྤྱི་ལོ1711ལོར་དོན་དུ་སྨན་པ་གྲྭ་ཚང་གཞན་ཕན་ནོར་བུའི་གླིང་བཙུགས་ཀྱང་རེ་ཞིག་མིང་ལ་སྔགས་པ་གྲྭ་ཚང་ཞེས་ཐོགས་པ་དེ་ཕྱག་བཏབ། བླ་བྲང་བཀྲ་ཤིས་འཁྱིལ་གྱི་སྨན་པ་གྲྭ་ཚང་གསོ་རིག་གཞན་ཕན་གླིང་ནི་མདོ་སྨན་ལྷོ་རྒྱུད་ཀྱི་དཔལ་ནཱ་ལེནྡཱ་གཉིས་པ། མདོ་སྔགས་བསྟན་པའི་འབྱུང་གནས་དགེ་ལྡན་བཤད་སྒྲུབ་དར་རྒྱས་བཀྲ་ཤིས་ཀུན་ནས་འཁྱིལ་བའི་གླིང་མཆོག་གི་དགོན་བདག། ཀུན་མཁྱེན་འཇམ་དབྱངས་བཞད་པའི་སྐུ་ཕྲེང་གཉིས་པ་འཇིགས་མེད་དབང་པོ་ཞུ་བ་དེས་གསོ་བ་རིག་པ་འདི་སེམས་ཅན་དུས་མིན་འཆི་བ་ལས་སྐྱོབ་པའི་མི་འཇིགས་པའི་སྦྱིན་པ་དང། གཞན་རྗེས་སུ་འཛིན་པའི་ཐབས་མཆོག་ཏུ་གྱུར་པ་ཐུགས་ལ་དགོངས་ཏེ་བོད་རབ་བྱུང་བཅུ་གསུམ་པའི་ཤིང་འབྲུག་ལོ་སྟེ། སྤྱི་ལོ1784ལོར་སྨན་པ་གྲྭ་ཚང་ཕྱག་བཏབ་པ་མ་ཟད་ད་དུང་གྲྭ་ཚང་གི་ཁྲི་རབས་དང་པོའི་འགན་བཞེས་ནས་ཞབས་ཀྱི་པདྨོ་མི་འཇིགས་ཆོས་ཀྱི་ཁྲི་ལ་རྣམ་པར་བཀོད་དེ་བྱིན་གྱིས་རླབས་པར་མཛད། དེང་སང་གནས་འདི་མདོ་སྨད་ཙམ་མ་ཟད་བོད་ཁམས་ཡོངས་ཀྱི་དགོན་སྡེ་ལ་བཤད་ན་གསོ་དཔྱད་འཆད་ཉན་གྱི་ལྟེ་བའམ་སྲོག་ཤིང་ལྟ་བུར་གྱུར་འདུག་སྨན་གྲྭ་འདི་ནི་དེ་སྔོན་ཀུན་མཁྱེན་འཇིགས་མེད་དབང་པོ་དབུགས་གཙང་དུ་བྱོན་ནས་ལྕགས་པོ་རི་ལ་གནས་མཇལ་ཕེབས་སྐབས། དེར་གཡུ་ཐོག་ཡོན་ཏན་མགོན་པོའི་སྐུ་ཐང་ཞིག་བཀྲགས་ཡོད་པ་དེ་གློ་བུར་དུ་རང་འགུལ་གྱིས་འཇིགས་མེད་དབང་པོའི་མདུན་དུ་ལྷུང་བས། ཁོང་གིས་སྨན་པ་གྲྭ་ཚང་ཕྱག་འདེབས་རྒྱུའི་རྟེན་འབྲེལ་དུ་དགོངས་ཏེ་ནང་རྟེན་ལ་ཞུས་ནས་གནང་བ་བཀྲ་ཤིས་འཁྱིལ་དུ་གདན་དྲངས་ཤིང། བྱིན་ཅན་གྱི་ཐང་ཀ་འདི་ད་ཆའང་ང་ཚོའི་མིག་བསོད་དུ་མཇལ་རྒྱུ་ཡོད། ཙོང་ལ་ལྷོ་རྒྱུད་ཀྱི་གནས་ཀྱི་སྙིང་པོ་མདོ་སྨད་ཆོས་སྡེ་ཆེན་པོ་མཐའ་དག་གི་མེས་པོ་ལྟ་བུ་བྱ་ཁྱུང་ཐེག་ཆེན་ཡོན་ཏན་དར་རྒྱས་གླིང་གི་སྨན་པ་གྲྭ་ཚང་ནི། རབ་བྱུང་བཅུ་གསུམ་པའི་མེ་སྦྲུལ་སྤྱི་ལོ1797ལོར་མཁན་རབས་ཞེ་དྲུག་པ་སྐུ་འབུམ་ཟི་ན་ཚུལ་ཁྲིམས་དར་རྒྱས་རྒྱ་མཚོས་མཐུན་རྐྱེན་སྦྱར་ནས་གསར་དུ་བཙུགས། བདེ་ཡངས་ཞབས་དྲུང་བློ་བཟང་ནོར་བུ་སྨན་པ་གྲྭ་ཚང་གི་བླ་མའི་ཐོག་མར་བསྐོས་ཏེ་ལོ་ངོ་ལྔར་བཞུགས་པ་དང། ཕྱིས་སུ་གཙང་སྨན་ཡེ་ཤེས་བཟང་པོ་ཡང་དཔལ་ལྡན་བྱ་ཁྱུང་ལ་གདན་དྲངས་ནས་སྨན་པ་གྲྭ་ཚང་ལ་རྒྱུད་བཞི་ཆ་ལག་དང་བཅས་པའི་ཟབ་ཁྲིད་ཕྱག་ལེན་བསྩལ་ཏེ་འཆད་ཉན་དར་རྒྱས་མཛད།
གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།