0971-8201019
མ་ཤོག > ལོ་རྒྱུས། > གསོ་རིག་བྱུང་འཕེལ། >

 

 

རྒྱ་ནག་ཏུ་སྨན་དཔྱད་དར་ཚུལ།

ཡོང་ཁུངས།   བོད་ཀྱི་གསོ་རིག   |   ཀློག་གྲངས།    

        དང་པོ་རྒྱ་ཡིག་ལ་མཁས་པ་འཇང་པ་ཐམ་གྱི་དགེ་སློང་ཀརྨ་ཐར་མཆོག་ཅེས་བྱ་བ་འཇམ་མགོན་སི་ཏུ་ཆོས་འབྱུང་ཡབ་སྲས་ཀྱི་སློབ་མར་གྱུར་པ་དེས་རྒྱ་ནག་གི་སྨན་གཞུང་ཚད་ལྡན་བོད་སྐད་དུ་བསྒྱུར་བ་ལས་འདི་ལྟར་འབྱུང་སྟེ། རྒྱ་ནག་གི་རྒྱལ་པོ་ཐོག་མར་བྱུང་བ་ཪྤུ་ཪྴེ།རྒྱ་ནག་ཆོས་འབྱུང་ལས།ཐའ་ཧོའུ་ཪྥུ་ཥཾ་ཞི་ཞེས་འདུག འདི་ཡན་ཆད་རྒྱ་ནག་ལ་ཡི་གེ་མེད་ཟེར་ཞེས་པས་སྔར་མི་རྣམས་ཀྱིས་མིང་ཤེས་པའི་དངོས་པོ་རྣམས་ངོས་འཛིན་པའི་མཁས་པ་ཞིག་མིན་པར་ཁ་བརྒྱད་ཀྱི་ཕྱག་རྒྱ་དང་།  ཡི་གེ་ཐོག་མར་བཟོས།འཇིག་རྟེན་ལུགས་ཀྱི་བྱ་བ་ལེགས་དང་མི་ལེགས་པའི་སྤང་བླང་དང་།  མི་བཟང་ངན་ལ་བརྟགས་ཏེ་རྒྱལ་བློན་སོགས་དྲག་ཞན་ཕྱེ་བའི་སྲོལ་གཏོད།ཕོ་མོ་གཉེནབསྡེབས།  ཕ་དང་མ་ལ་བརྩི་བཀུར་དགོས་པ་སོགས་བསྟན།ཉ་དང་རི་དྭགས་ར་ལུག་སོགས་མི་ཡིས་བཟའ་བ་དང་།བདག་ཏུ་བཟུང་ནས་བཀོལ་སྤྱོད་བྱེད་ཐབས་བཅས་གཞན་ལ་ཕན་ཐབས་སྣ་ཚོགས་བྱས་སོ།།  དེ་སྐད་དུ་འདི་ལྟར་ཀློང་ཡང་ཀློང་བརྡལ་གནའ་དུས་སུ།  སྤའུ་ཪྴེ་ཞེས་བྱ་བ་བྱུང་།།  སྭོ་ཀའི་ཕྱག་རྒྱ་ཐོག་མར་བྲི།།  ནམ་ཟླ་དུས་བཞིའི་དབྱེ་བ་བསྟན།།  ནད་ཀྱི་རྒྱུ་མཚན་ཞིབ་དཔྱད་ན།།  དེ་ཡི་ཕན་ཐབས་འགྲེལ་བར་བྱེད།།  དེ་ཡི་རྗེས་འཇུག་ཞེན་ཧུང་གིས།།བཀུར་བ་ཐོབ་ནས་དེ་བཞིན་གྱུར།།  ཞེང་ཧུང་ཞེས་པའི་རྒྱུ་མཚན་ཡང་།།  མི་ཡི་ལུས་ལ་གླང་གི་མགོ།  དེས་རླུང་ལ་དཔྱད་ནས་མེ་འབུད་པའི་གྲོལ་བཙུག མེས་ལྕགས་བཞུ་ནས་བརྡུང་བ་དང་། ཤིང་བཞོག་ནས་ཐང་བཤོལ་དང་། ཞིང་རྨོ་ཞིང་ས་བོན་འདེབས་པ་དང་། དཀོན་མོད་སྣོམ་ཕྱིར་བརྗེ་ཚོང་གི་སྲོལ་གཏོད།ཡི་གེ་ཡང་བཟོས།  ཤིང་དང་རྩྭ་ལྡུམ་གྱི་རོ་མྱོང་ནས་ནད་དང་སྦྱར་བའི་སྨན་དང་དཔྱད་ཀྱི་སྲོལ་ཐོག་མར་དར་བར་བྱས།  དེ་སྐད་དུའང་ཞེང་ཧང་རང་གིས་བརྟགས་ཤིང་བསྟན་པ་ལས་འབྲུ་ལྔ་བཏབ་ཅིང་བཙུགས་པའི་ལས་བྱས་ནས།མངའ་འབངས་འདི་དག་འཚོ་ཐབས་ཡོད་པ་བྱ།སྲོག་ཆགས་གསོ་ཞིང་བཀོལ་དང་སྤྱོད་ལ་མཁས།  ཤིང་ལྡུམ་རྩྭ་ཡི་རོ་མྱོང་ནུས་ཡོན་སྤྱད།།  ད་ལྟ་འཚོ་བའི་འགྲོ་བ་འདི་དག་ཀྱང་།།  དེ་ཡི་བློ་ཐབས་ཡོན་ཏན་ཁོ་ནས་འཚོ།།ཞེ  ས་འབྱུང་།  དེ་རྗེས་ཀུང་དུ་ཡིན་པ་རྭ་ཏི་ཞེས་བྱ་བ།རྒྱན་ཡྭའི་དེའི་ཡུལ་དུ་ཁྲིམས་སྲོལ་མེད་པས།གོང་མའི་མངའ་ཞབས་རྣམས་ལ་ཁྲིམས་སྲོལ་གསར་འཛུགས་བྱས།བདེ་བའི་དུས་སུ་སྡུག་བསྔལ་མི་བརྗོད།  འཚོ་བའི་དུས་སུ་འཆི་བ་མི་བརྗོད།  ནད་རྣམས་ཞི་བར་བྱེད་ཅིང་སྡུག་བསྔལ་རྣམས་འདོར་བར་བྱེད་པ།  སྔོན་བྱོན་འཕགས་པ་རྣམས་དྲིན་ནི་ཆེ།  ཞེས་བྱ་བ་སོགས་རྩ་བ་དྲིས་པའི་མདོ་ལས་བཤད་དོ།། 

       དེའང་འདི་སྐད་ཅེས།ཆེ་ཞིང་ངོ་མཚར་རྭ་རི་ཉིད།།  ལྷ་ཡི་རྩལ་ལས་དཔལ་ཆེ་རྒྱས།།  ལག་པ་གཡས་དང་གཡོན་གཉིས་ཀྱིས།།  ཉིན་རེ་བཞིན་དུ་ཡུལ་ཁམས་ཀྱི།།  དར་གུད་ན་དང་མི་ན་བརྟག།  མ་འོངས་མི་རྣམས་བདེ་བའི་ཕྱིར།།ལུས་ཀྱི་ཁམས་རྣམས་ཞིབ་དཔྱད་ནས།།  དེ་དག་ཡི་གེ་རིས་པར་བཀོད།།  ཅེས་དང་། ཡང་གོང་མ་ཧྭང་ཏིའི་བློན་པོ་ལྷ་རྗེ་ཕྱེ་ཕཱ་ཞེས་བྱ་བས་རྩ་བ་པའི་མདོ་ཡི་གེར་བཀོད་པས་སྨན་དཔྱད་ཀྱི་ལུགས་སྲོལ་ཐོག་མར་བཙུག
ས། སྨན་པ་རླུའི་གུང་གིས་རྩ་བ་དྲི་པའི་མདོ་ལ་ལེའུ་བཅུ་གཉིས་བཤད་པ་མཐར་ཕྱིན་པར་མཛད།  ཁྲག་གཏར་དང་མེ་བཙའི་ཡི་གེ་རྒྱས་བཤད་མཛད་དོ།།  ཁྲག་གཏར་མེ་བཙའ་བསྲེག་པ་ལ།།  བསྐལ་པ་སྟོང་དུ་གཞན་འགྲན་མེད།།ཅེ  ས་སོ།།  ཡང་ལྷ་རྗེ་ལྦའུ་ཏིང་ཞེས་གླིང་གཞན་དུ་བྱུང་སྟེ་རྩ་བ་དྲིས་པའི་མདོ་དང་ཟབ་གནད་ཀྱི་སྙིང་པོ་དེའི་ཁུངས་རྙེད་ནས་སྨན་ལ་མངའ་བརྙེས་པར་གྱུར་ཅིང་རྩ་བ་དྲིས་པའི་མདོའི་རྩ་འགྲེལ་དཀའ་བའི་ཐེ་ཚོམ་རང་གྲོལ་ཞེས་པ་ལེའུ་བརྒྱད་ཅུ་གཅིག་པ་མཛད།དེ་ལས་རྩ་ཡི་གནད་དང་།  རྩ་ཡི་ཆགས་ཚུལ།  ལུས་ཀྱི་སྟོད་སྨད་ནང་ཁྲོལ་སོགས་ལ་རྩ་ཇི་ལྟར་དབང་བའི་གནད་རྣམས་བསྟན་ཞིང་ཁྲག་གཏར་མེ་བཙའ་རྒྱག་ལུགས་ཀྱི་ཚོད་དང་ཚོད་ཀྱི་རྣམ་གཞགཞིབ་པར་མཛད་དོ།།  ཇི་སྐད་དུ།  སྦད་ཡུལ་གྱི་སེངས་ཚུ་ཞེས།།སྨན་གྱི་དོན་དམ་འགྲེལ་ལ་མཁས།།  དཀའ་བའི་གནད་རྣམས་ཡང་དག་སྟོན། ། ཅེས་དང་། ལྷ་རྗེ་ཅང་ཅུང་ཅིང་ཞེས་ལྷོ་ཕྱོགས་ཀྱི་མི་ཡིན་ཏེ།འཕགས་མཆོག་སྨན་པ་ཡོངས་འཛིན་གཙོ།།ཞེས་གྲགས་ཏེ་ཧང་ཆེན་ཧུ་དུས་བྱུང་། སྨན་དཔྱད་ཀྱི་བསྟན་བཅོས་བྱེ་བྲག་ཕྱེ་མདོ་མཛད་དོ།། དེ་ཡང་། པེ་ཞིང་ཧུང་སྤེན་རིར་ཞེས་པས། གཙོ་བོར་སྨན་གྱི་ཡོན་ཏན་རྒྱ་མཚོ་ཆེན་པོ་དང་། ཆམ་རིམས་ནད་ཀྱི་བྱེ་བྲག་བཤད་ནས་མི་རབས་ཁྲི་ཕྲག་ཏུའང་རྙེད་དཀའ་བའི་སྨན་གཞུང་ཟབ་གནད་ཅན་མཛད་ཟེར། འདིའི་རྗེས་སུ་ལྷ་རྗེ་ཝང་ཤུ་ཧོ་ཞེས་པའང་འདི་ཡིསསྨན་གཞུང་གཙོ་བོར་བཏོན་ནས་མཁས་པ་ཆེན་པོར་གྱུར་རོ།། ཡང་སྨན་པ་ཉི་ཤུ་ཧོ་ཞེས་ནུབ་ཕྱོགས་ཀྱི་ཙིའུ་ཀན་ཚིང་ཞེས་པའི་ཡུལ་གྱི་མི་ཡིན།གཅིག་པུར་དབེན་པ་བསྟེན་ནས་སྨན་གཞུང་ལ་དཔྱད་ཅིང་རྩ་མདོ་བརྩོན་འགྲུས་ཆེན་པོ་བསྐྱེད་ནས་བྱང་ཞིང་ཆུབ་པར་མཛད། ཁམས་གསོ་ཐབས་ཀྱི་སྨན་སྦྱོར་མང་པོ་དང་། རྩ་མདོ་ལེའུ་བཅུ་པ་དང་། རྩའི་ནང་གསེས་ཀྱི་དབྱེ་བ་ལེའུ་བཞི་པ། རྩ་བལྟ་ཐབས་ཀྱི་བརྗོད་པ་ལེའུ་རྐང་པ་བཅས་མཛད། ཁྱད་པར་ཅང་ཅུང་གིས་མཛད་པའི་བྱེ་བྲག་ཕྱེ་མདོ་ཤིང་ཤུན་ལ་བྲིས་པའི་ལྡེབ་མ་འཁྲུགས་ནས་སྔར་དུས་ཀྱང་དོན་བརྟག་དཀའ་ནས་ཕན་མ་ཐོག་པར་ཡོད་ལ།འདིས་ལེགས་པར་དཔྱད་ཅིང་བསྒྲིགས་ནས་མཛད་བྱང་བཅས་སུ་སྟི་ཚང་བར་བྱས་སོ།། དེ་ལ་འདི་སྐད་ཅེས། ཆིང་གི་ཡུལ་གྱི་ཝང་ཀྲུང་ཧོ།། རྩ་ཡི་ཟབ་གནད་ཁོང་དུ་ཆུད།། སྨན་མདོ་ཅེས་པ་སྡུད་པ་པོ།། གཙོ་ནད་ཀུན་ལ་ཕན་པར་མཛད།། ཅེས་སོ།།

       སྨན་པ་མཁས་པའི་མཆོག་ཧ་ཐོ་ཞེས་བྱ་བ་ནི་ཡུལ་ཁམས་ཙུའུ་འོ་ཞེས་བྱ་བའི་མི་ཡིན། ཡུལ་དེའི་རྒྱལ་པོའི་བློན་པོ་རུས་མིང་ཅན་ཞིག་གི་བུད་མེད་ལ་མངལ
ཆགས་ནས་ཡུན་རིང་སོང་བ་ན་ཕོ་བ་གཟེར་གཅི་ཟླ་བ་དྲུག་ཙམ་སོང་།དེ་ཙ་ན་སྨན་པ་ཧྭ་ཐོ་གདན་དྲངས་ནས་རྩ་བསྟན་པས།ཧ་ཐོ་ན་རེ།མངལ་རོར་གྱུར་རོ།། ཁྱེའུ་ཞིག་གིས་མོ་མཚན་དུ་ལག་པ་ཚུད་ལ་ལྟོས་ཤིག དེའང་གཡས་སུ་ཉེ་བར་འདུག་པ་ཕོ། གཡོན་དུ་ཉེ་འདུག་ན་མོ་ཡིན་གསུང་། དེར་ནང་མི་ཞིག་གི་ཁྱེའུ་ནས་མོ་མཚན་དུ་ལག་པ་བཅུག་ནས་སྐུལ་བས་མངལ་རོ་གཡས་སུ་ཉེ་འདུག་ཟེར།དེར་ཧ་ཐོས་ཐང་ཞིག་བླུད་པས་ཡུད་ཙམ་སོང་ནས་མངལ་རོ་ཐོན་པས་ཕོ་རུ་འདུག་ནད་ཀྱང་སོས་སོ།།ཡང་མི་ཞིག་ཁོག་པ་ནང་གཟེར་ཆེན་ལྡང་བ་ཉིན་ཞག་བཅུ་ཙམ་སོང་།སྐྲངས་ཡང་ཞིའོ།། དེ་ནས་ཧ་ཐོ་ལ་བསྟན་པས་ཁོང་ན་རེ།མཚེར་པ་ཕྱེད་རུལ་ཚར་འདུག་གོ ཐབས་ཡོད་དམ་ཞུས་པས་ཡོད་གསུངས་ནས་ནད་པ་གན་རྐྱལ་དུ་བསྙལ་ནས་ཐང་ཞིག་བླུད། ཕོ་བ་གཤགས་ནས་བལྟས་པས་མཆེར་པ་ཕྱེད་རུལ་ཟིན་པ་མི་ཚང་མས་མཐོང་། ལྷ་རྗེས་རུལ་བ་རྣམས་བཅད་ནས་དོར། འཕྲོར་ཆུ་དྲོད་འཇམ་གྱིས་བཀྲུས།སྨན་ཕྱེ་བཏབ་ནས་རྨ་དང་འདྲེས་པར་བྱས།  དར་སྐུད་ཀྱིས་ཁོག་པ་དྲུབས།  རྨ་སྨན་བཏབ་ནས་ནད་པ་ལ་ཐང་ཞིག་བླུད་པས་གཉིད་སད་པ་ལྟར་གྱུར།  ནད་པས་ཕོ་བ་གཤག་པ་མ་གོ་ཟེར།ཞག་ཁ་ཤས་ནས་རྨ་ཡང་སོས་པར་གྱུར་རོ།།  དེ་ལྟ་བུ་རྣམས་ཡུལ་དབུས་ཀྱི་གོང་མས་གསན་ནས་ཧ་ཐོ་བཀུག་སྟེ་སྐུ་གཞོགས་སུ་བཞག་པས།  དུས་གཅིག་ན་གོང་མའི་དབུ་བསྙུན།  དེ་ཡང་གཏན་པ་ཟེར་མ་ཡིན་པའི་རེས་ན་རེས་བདེ།  སྤྱན་མི་གསལ་བའི་མཐོང་སྣང་མང་པོ་ལམ་ལམ་གྱུར་པ།  ཧ་ཐོ་ལ་ནད་དེ་བཅོས་དགོས་ཞེས་གསུང་ལུང་འབུད་དོ།།  ཧ་ཐོས་ཀྱང་སྨན་གྱི་རིག་པ་དཔྱད་དེ་སྨན་སྦྱར་ནས།  གཏར་ཁབ་བཙུག་སྟེ་ཁབ་ཕྱུང་བ་དང་ནད་དེ་སོས་སོ།། ཡུལ་དབུས་གོང་མ་ནན་གྱི་རིང་ལ་སྨན་པ་ཡོངས་གྲགས་ནི། ཅང་ཅིང་དང་ཧ་ཐོ་གཉིས་ཁོ་ནའོ།།  འོན་ཀྱང་སྔོན་བྱོན་མཁས་པས་མཛད་པའི་བསྟན་བཅོས་དང་། ཤིང་རྩའི་བཤད་པ་དག་ལས་རྟོགས་པར་གྱུར་རོ།།  ལར་ཡང་མཆོག་རྙིང་པ་ལེའུ་ཆེན་པོ་གསུམ་དང་། སྨན་གྱི་རིམ་པའི་བྱེ་བྲག་བཤད་པ་སྣ་ཉིས་བརྒྱ་དྲུག་ཅུ་རྩ་ལྔ་བཅས་ལ་ཞིང་ཧུང་གི་མདོ་ལྔ་ཞེས་གྲགས།  དེ་ལ་བརྗོད་པ་དབུའི་ཞེས་བྱ་བའི་ཡུལ་ཁམས་སུ།ཧྭ་ཐོ་ཞེས་བྱའི་སྨན་པ་བྱུང་།  དེ་ཡི་གཙོ་ཆེར་ཤུ་ཧང་བཅས།།ནད་ལ་སྨན་གྱི་གཞུང་ཆེན་སྤེལ།།  རུས་པའི་རྐང་ཡང་བརྐོས་ནས་ནི།།སྐྲ  ན་དང་གཅོང་ནད་གཅོད་པར་ནུས།།  དེ་ལ་གཏུགས་པའི་ནད་པ་རྣམས།།  མ་ལུ་ཡོངས་ཚང་སྲོག་རེ་བསྟན།།  ཅེས་འབྱུང་བ་ནི་ཡིད་ཆེས་པའི་གནས་ཡིན་ཅེས་ཀུན་ཁྱབ་གསུངས།གཉིས་པ་ནི་གོང་དུ་བཤད་པའི་གོང་མ་ཧྥུཪྴེ། ཞེན་རུང་།  ཧང་ཏི་གསུམ་ནི།ཧུའང་གསུམ་སྟེ་དང་པོའི་གདུང་བརྒྱུད་རྒྱལ་རབས་བཅོ་ལྔ།  གཉིས་པའི་བདུན།  གསུམ་པ་ཧྭང་ཏི་རྒྱལ་པོའི་སྐུ་རིང་ལ་རྩོད་དུས་ཀྱི་འགོཚུགས་པར་བཤད་ཅིང་དེ་ནས་རྦྷཱི་ལྔའི་རྒྱལ་རབས་རྣམས་དང་།དབང་གསུམ་གྱི་རྒྱལ་རབས་རྣམས་འདས་པའི་འོག་ཏུ་ཚེའུ་རིགས་ཀྱིས་རྒྱལ་རབས་སུམ་ཅུ་རྩ་དྲུག་བྱུང་བ་ལས་བཞི་པ་ཚེའུ་ཝང་གི་རྒྱལ་པོའི་དུས་ཐུབ་པའི་དབང་པོའི་སྐུ་བལྟམས།  དེ་ནས་རྒྱལ་རབས་བཅུ་དྲུག་པ་ཧན་མིང་ཏི་ཞེས་བྱ་བའི་རིང་ལ་པཎྜི་ན་ཛུ་ཧ་ལ་ཞེས་བྱ་བ་སོགས་ཀྱིས་རྒྱ་གར་ནས་ཐེག་པ་ཆེ་ཆུང་གི་ཆོས་མང་པོ་རྒྱ་ནག་གི་སྐད་དུ་བསྒྱུར།  དེ་ནས་རྒྱལ་རབས་བཅུ་བདུན་ན་ཧན་གྱི་རྒྱལ་རྒྱུད་བརྒྱད་དང་ཧེའུ་ཆིང་གི་རྒྱལ་རྒྱུད་གཉིས་པ།  གསིང་ཆིང་གི་རྒྱལ་པོའི་དུས་སུ་ཙནྡན་ཇོ་བོ་སངས་རྒྱས་ཀྱི་རིང་བསྲེལ་པཎྜི་ཏ་ཀུ་མ་སྨྲི་བཅས་སྤྱན་དྲངས་ནས་སངས་རྒྱས་ཀྱི་བསྟན་པ་དར་བར་བྱས།དེ་ནས་རྒྱལ་རབས་གསུམ་འདས་ནས་ཐང་གི་རྒྱལ་པོའི་ཐོག་མར་ཐང་ཀའུ་ཛུང་ཞེས་པས་རྒྱལ་ས་བཟུང་།  དེའི་བུ་ཐང་ཐུའི་ཛུང་ཞེས་བྱ་བས་གྲུབ་ཆེན་བི་རཱུ་པ་ལས་ཆོས་གསན་པ་དང་།  འཕགས་པའི་གནས་བརྟན་བཅུ་དྲུག་དབྱར་གནས་ལ་སྤྱན་དྲངས་པ་དང་ལྷའི་དབང་པོ་བརྒྱ་བྱིན་ལས་བདུད་རྩིའི་སྐྱེས་ལེན་ཏེ་ངོ་མཚར་བའི་མཛད་པ་གསུམ་བསྟན་པ་དང་།  སློབ་དཔོན་དབྱིག་གཉེན་གྱི་སློབ་མ་ཐང་ལྷ་ཚ་ཞེས་པའི་ལོ་ཙཱ་བ་ལ་བརྟེན་ནས་དམ་པའི་ཆོས་མང་དུ་བསྒྱུར།བོད་ཀྱི་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་གྲོགས་པོ་བྱས་ཏེ་བུ་མོ་ཧུན་ཤིང་ཀོང་ཇོ་བཙུན་མོར་བྱིན་པ་སོགས་ལུང་གཉིས་ཀྱི་སྒོ་ནས་རྒྱལ་ཁམས་བདེ་བ་ལ་བཀོད་པར་མཛད་དོ།།

        དེ་ནས་རྒྱལ་རབས་ཉི་ཤུ་འདས་ནས་མྱང་ཞེས་བྱ་བའི་རྒྱལ་རབས་བཅོ་ལྔ་བྱུང་།  དེ་ནས་ཙི་ཏན་ཏའི་སློབ་བུའི་རྒྱལ་རབས་བརྒྱད།  དེ་རྗེས་ཧུའི་ཇིའི་རྒྱལ་རབས་བརྒྱད།  དེ་ནས་ཇིང་གིར་རྒྱལ་པོའི་རྒྱལ་རབས་སུམ་ཅུ།  དེ་ནས་ཏཱ་མིང་རྒྱལ་པོའི་རྒྱལ་རབས་བཅུ་དྲུག
 དེ་ནས་ཆིང་གི་རྒྱལ་པོའི་རྒྱལ་རབས་བཞི་པ་ད་ལྟ་གོང་མ་ཆེན་ནོང་ཁྲིར་བཞུགས་ནས་ལོ་སུམ་ཅུ་རྩ་དྲུག་པའི་སྐབས་སུ་གོང་གི་ལུང་ལས་གོང་མ་ན་རིམ་གྱི་སྨན་གཞུང་བཀོད་པ་ཞེས་འབྱུང་པས།  གོང་མ་རྒྱལ་པོ་རྣམས་ཀྱིས་ཀྱང་སྨན་དཔྱད་ཕྱག་བཞེས་མཛད་དར་བའི་སྟབས་ཀྱིས་མངའ་འབངས་ཡུལ་ཁམས་ཀུན་ཏུའང་སྨན་དཔྱད་ཤིན་ཏུ་དར་བ་ད་ལྟའི་བར་བྱུང་སྟེ།གསོ་དཔྱད་དང་རྩིས་གཉིས་ནི་རྒྱ་གར་ལས་ཀྱང་རྒྱ་ནག་ཏུ་དར་རྒྱས་ཆེ་བར་མངོན་ནོ།། ད་ལྟའི་གོང་མ་ཆེན་ནོང་གིས་ཀྱང་སྨན་དཔྱད་ཀྱི་བསྟན་བཅོས་ཆེན་པོ་བརྩམས་པར་མཛད་པའི་གླེགས་བམ་ཀུན་མཁྱེན་ཕྱག་ཏུ་འདུག་པ་ཁོ་བོའི་མིག་ལམ་དུ་བྱུང་ངོ་།།
གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།