0971-8201019
མ་ཤོག > ལོ་རྒྱུས། > གསོ་རིག་བྱུང་འཕེལ། >

 

 

ཡུལ་གྲུ་གཞན་ལ་གསོ་རིག་དར་ཚུལ།

ཡོང་ཁུངས།   བོད་ཀྱི་གསོ་རིག   |   ཀློག་གྲངས།    

  སྤྱིར་དཔལ་ལྡན་རྒྱུད་ལས།  རྒྱ་གར་ཡུལ་དུ་སྨན་གྱི་སྦྱོར་བ་གསུངས།།  རྒྱ་ནག་ཡུལ་དུ་མེ་བཙའ་རྩ་སྦྱོང་གསུངས།།  དོལ་པོའི་ཡུལ་དུ་གཏར་ག་གཙོ་བོར་བསྟན།།  བོད་ཀྱི་ཡུལ་དུ་རྩ་ཆུའི་བརྟགས་པ་བསྟན།།ཞེས་པ་ལ་སོགས་པ་ལྟར་ཡུལ་གྲུ་ཡོད་དོ་ཅོག་ལ་སྨན་མིང་དར་བའི་ས་ཆ་མེད་ངེས་ཏེ།  བཻ་ལོའི་གསུངས་ལས་ལོ་རྒྱུས་འདིར་འཕགས་ཡུལ་དུ་སྔོན་བྱོན་སྨན་པའི་མིང་སྨོས་པ་ནི་ཡོངས་གྲགས་འགའ་རེ་ཙམ་སྨོས་པ་ལས་གཞན་དུ་ཡུལ་གྲུ་སོ་སོར་དྲང་སྲོང་ཆེན་པོ་ནས་བརྒྱུད་པའི་སྨན་པ་མཁས་པ་མཐའ་ཡས་པ་བརྒྱུད་པ་མ་ཆད་པ་ད་ལྟའི་བར་དུ་ཡོད་པ་སྨོས་སུ་མི་ལོང་ལ།ཁྱད་པར་ནུབ་ཕྱོགས་ཀྱི་རྒྱ་མཚོ་ལ་གྲུ་བོ་ཆེ་བཏང་སྟེ་བགྲོད་དགོས་པའི་ཡུལ་གླིང་ཆེན་པོ་ཙིང་གི་ཞེས་བྱ་བ་ན་སྨན་དཔྱད་ཀྱི་ཆོ་ག་ཤིན་ཏུ་དར་ཞིང་ཡུལ་དེའི་སྨན་པ་མཁས་པ་ཞིག་བོད་ཡུལ་དུ་བྱུང་བ་ལ་རྗེ་ཀུན་མཁྱེན་རྡཪྨཱ་ཀ་རར་བཀའ་མོལ་ཞུས་ཚུལ་བདག་ལ་བཀའ་བསྩལ་ཏོ་ཞེས་འབྱུང་།  དེ་ལས་ལོ་གྲངས་༣༠༠ལྷག་འདས་པའི་སྔོན་ཙམ་མི་དབང་སངས་རྒྱས་རྒྱ་མཚོའི་སྐབས་རྒྱ་གར་ཡུལ་དབུས་ཀྱི་སྨན་པ་པ་ཛ་མུན་གྷི་དང་ནུབ་ཕྱོགས་ཀན་ནས་ཡིན་པའི་པཎྜི་ཏ་ག་ན།  མཐའ་ཡི་རྒྱ་མཚོ་ལི་ཤི་སོགས་ཤང་ཤང་གིས་ཁྱེར་འོང་བའི་འཁྲིས་གྲོང་ཚོང་བསམ་པ་ཟེར་བ་ནས་ཤམ་བྷ་དྲ།  ཁ་ཆེ་ཁྲི་སྟན་གྱི་སྨན་པ་ཨིང་པ།ནཻ་པ་ལའི་སྨན་པ་མ་ཧཱ་མི་སུ་དང་།  ལྷོ་མོན་དང་ལ་སྟོད་སོགས་ཀྱི་སྨན་པ་རྣམས་ལ་རང་རང་ཡུལ་གྱི་སྨན་སྐྱེ་ཚུལ་སོགས་ངག་བརྗོད་ལྟར་རི་མོ་བྲིས་སོགས་བཻ་སྔོན་གཤམ་ནས་འབྱུང་བས་མཚོན་པ་དང་།སོག་ཡུལ་དུ་རྒྱ་ནག་ནས་སངས་རྒྱས་ཀྱི་བསྟན་པ་དར་བའི་ལོ་རྒྱུས་མེད་ཅིང་།  ཐོག་མར་བོད་ནས་ས་སྐྱ་པའི་བསྟན་པ་དར་ཏེ།  དེ་ཡང་རྒྱལ་པོ་ཆིང་གི་སི་ཞེས་པས་བོད་ལ་དབང་བསྒྱུར་སྐབས་ས་ཆེན་ཀུན་དགའ་སྙིང་པོ་དང་མཆོད་ཡོན་དུ་གྱུར།  དེ་ཡི་ཚ་བོ་གུར་ཏན་གྱིས་རྒྱལ་པོ་བྱེད་སྐབས་ས་པཎ་གདན་དྲངས།  དེ་རྗེས་མུང་ཁེ་རྒྱལ་པོའི་དུས་ཀརྨ་པ་ཐྴི་བྱོན་པ་སོགས་བཤད་པས།   སྨན་དཔྱད་ཀྱང་དར་ཡོད་པ་གདོན་མི་ཟ་མོད་ལོ་རྒྱུས་མ་མཐོང་།  དེང་སངསུའུ་ལེན་གྱི་ཡུལ་དུ་སྨན་དཔྱད་དར་སོ་ཡོད་པའི་རྒྱུན་རང་རེ་ཀྲུང་གོའི་ས་གནས་སུ་སྤེལ།  སྨན་སྦྱོར་དང་སྨན་ཁབ་བཙུག་པ་སོགས་མིག་མཐོང་ཡོད་པ་འདིའོ།།  རྒྱ་གར་ན་སྔར་གོང་དུ་བཤད་པ་ལྟར་གྱི་སྨན་དཔྱད་དར་ཚུལ་དེ་ལྟར་ལ།ཕྱིས་ལོ་ལྔ་བཅུ་ལྷག་ཙམ་གྱི་སྔོན་དུ་རྒྱ་གར་གྱི་ཡུལ་ཕལ་ཆེར་དབྱིན་ཇི་ནས་དབང་བསྒྱུར།དེ་ཡི་ལུགས་ཀྱི་སྨན་ཁབ་དང་འབྲུམ་པ་བཙུག་པ་སོགས་དར་རྒྱས་ཆེར་ཡོད་འདུག་པ་རྒྱ་གར་དུ་ཕྱིན་པའི་ཚོང་པ་དག་གི་ངག་ལས་ཐོས།  བོད་ལྗོངས་དང་དབྱིན་ཇི་འབྲེལ་ཆེ་སྐབས་བོད་པའི་དམག་ཁམས་ལ་འོང་སྐབས་འབྲུམ་པ་བཙུག་རྒྱུ་སོགས་ཡོད་དར་བ་རང་ཆུང་དུས་ཀྱང་བཙུག་མྱོང་།  འཇང་གི་ཡུལ་དུའང་སྤྱིར་རྒྱ་ནག་དང་བོད་གཉིས་ཀའི་སྨན་དཔྱད་དར་ཡོད་འདུག་ལ།   ཁྱད་པར་ཀུན་མཁྱེན་ཆོས་ཀྱི་འབྱུང་གནས་ཞབས་ཀྱིས་ཀྱང་ཇ་ཀོ་ལེགས་མཛད་ཟེར་བ་སོགས་འཇང་པའི་སྨན་པ་འགའ་རེ་ལས་སྨན་སྦྱོར་སོགས་མན་ངག་གསན་ཚུལ་རྣམ་ཐར་ལས་འབྱུང་ལ།ཁོ་བོས་མིག་མཐོང་འཇང་བཙུན་ཀརྨ་འཆི་མེད་ཟེར་བས་མི་རྒན་པོ་དང་ཟུང་ཟད་ལ་སྟོབས་བསྐྱེད་སྨན་ཡིན་ཟེར་བ་སྨན་ཕྱེ་རིལ་བུ་དྲིལ་བ་མཐེ་བོང་ཙམ་ཕྱི་འཇང་པའི་སྨན་ཤོག་གིས་རེ་རེ་བཞིན་དྲིལ་བ་རོ་མངར་ཞད་ཅན་སྣུམ་ཡོད་པ་ཞིག་དང་།  མིག་སྨན་ཤིང་འབྲས་བདུག་ན་ཕན་ཟེར་བ་སོགས་སྨན་རིགས་འགའ་རེ་ཁུར་ཡོད་འདུག་པས།ད་ལྟ་བོད་སྨན་རྣམས་ཀྱི་ལག་ལེན་དང་མི་འདྲ་བ་ཞིག་ཡོད་དམ་སྙམ།  སྟོབས་བསྐྱེད་སྨན་ཡིན་རྒྱུའི་རིལ་བུ་དེ་ནི་འཇང་སྒྲུབས་དཀར་སྤྲུལ་རྒྱུ་ལའང་འདུག་པས་སྨན་ནད་ལ་ཕན་ཟེར།  བལ་པོའི་ཡུལ་དུ་ནི་གཙོ་ཆེར་རྒྱ་གར་གྱི་སྨན་རིགས་དར་ཡོད་འདུག་པ་ཀུན་མཁྱེན་ནས་བལ་པོའི་སྨན་པ་ལས་བླངས་པའི་མན་ངག་ཕྲ་མོ་འདྲ་བཀའ་འབུམ་ལས་འབྱུང་བ་ལྟར་དང་།  དེང་སངཡང་ཚད་ནད་སོགས་ཀྱི་སྨན་ལག་བྱེད་བཟང་ངན་གྱིས་མིན་ན་བོད་དང་མི་འདྲ་བ་ཞིག་མཐོང་།འབྲུག་ཡུལ་ཞེས་མོན་གྱི་ཡུལ་རྒྱ་སྐད་དུ་བུ་ཏན་ཟེར་པའི་ཡུལ་དེ་དང་།  འབྲས་མོ་ལྗོངས་ཞེས་པའི་ཡུལ་དེ་དག་ལ་ནི་སྔོན་ཡི་གེའང་བོད་ཡིག་ཡིན་ལ་སྨན་དཔྱད་ཀྱང་བོད་ཀྱི་ལུགས་ཡིན་འདུག དེང་སངསྔར་རྒྱུན་དེའང་ཡོད་མོད་ཕྱི་རྒྱལ་ལུགས་ཀྱི་སྨན་རིགས་ཀྱང་དར་ཡོད་ཟེར།  འབྲུག་པ་ལེ་ཆི་དང་འབྲས་ལྗོངས་པ་ཨུ་རྒྱན་བསྟན་འཛིན་དག་གིས་གསུངས་སོ།།གཞན་ཡང་གསེར་གླིང་དང་སེང་ག་ལའི་གླིང་དང་།  ཟངས་གླིང་དང་།  འགྲོ་ལྡིང་དང་།  རུག་མའི་གླིང་ཞེས་པ་དེ་དག་ལ་སོགས་པ་གང་དུའང་གནའ་དུས་གྲུབ་མཐའ་སྣ་ཚོགས་དང་།  རིག་པའི་གནས་རྣམས་དར་ཚུལ་སྔོན་རབས་པའི་ལོ་རྒྱུས་མང་དག་ཡོད་པ་ལས།  དེང་སངབར་སྨན་གྱི་རིག་པའང་ཡོད་པར་གྲུབ་ལ་མདོར་ན།ལུས་ཅན་ཀུན་ལ་མ་རིག་དུས་ནད་མེད་པ་མི་སྲིད་པ་ནི་དཔལ་ལྡན་རྒྱུད་ལས་གསུངས་བ་ལྟར་ལ།  ནད་ཀྱི་ཟུག་རྔུ་གང་དུ་ཡོད་པ་དེར་གཉེན་པོ་སྨན་དཔྱད་ཀྱང་ཡོད་དེ།   མི་ནི་བློ་གྲོས་དང་ལྡན་པ་ཡིན་པའི་ཕྱིར་དང་།   རྒྱལ་བའི་ཐུགས་རྗེ་རྟག་ཁྱབ་ལྷུན་གྱིས་གྲུབ་པའི་ཕྱིར་རོ།།  དེ་ལྟར་སྔོན་ནས་ད་བར་ཕྱི་ཡི་རྒྱལ་ཁབ་རྣམས་དང་ཡུལ་གྲུ་ཐ་དད་པར་སྨན་གྱི་ཞིང་རྒྱས་པར་ཡོད་པ་ནི་གོང་འོག་ལོ་རྒྱུས་ཀུན་ནས་འབྱུང་བས་ཤེས་ཏེ་དཔེར་ན་བོད་རྒྱལ་གྱིས་མཐའ་བཞིའི་སྨན་པ་གདན་དྲངས་པ་བཤད་པ་སོགས་ལྟ་བུའོ།།

 

 

གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།