0971-8201019
མ་ཤོག > སྨན་བཅོས། > ཉེས་གསུམ། >

 

 

བོད་ཀྱི་གསོ་རིག་གི་ཁྱད་པར་གསོ་ཐབས་ལས་བཤལ་ལ་དཔྱད་པ།

ཡོང་ཁུངས།      |   ཀློག་གྲངས།    

 
 


         ནད་གཞན་གྱི་གནས་སུ་འཁྲུགས་ཤིང་ལངས་པའི་དུས་སུ་ཕྱིར་འབྱིན་པར་བྱེད་པ་ལ་སྦྱོང་བྱེད་ལས་ཟེར་ཞིང་།  ལས་ལྔའི་སྔོན་དུ་འགྲོ་བ་ནི་སྣུམ་འཆོས་ཡིན་ལ། དེ་ནི་ལུས་ཁམས་ཡང་བ་དང་རྩུབ་ཅིང་ལྟོ་སྐྱ་བ་མི་འཇུ་བ་སོགས་ཀྱིས་ནད་ལེགས་པར་ཕྱིར་འབྱིན་མི་ཐུབ་ཕྱིར་བཤལ་སོགས་ཀྱི་གོང་དུ་སྣུམ་འཆོས་ངེས་པར་དུ་འགྲོ་དགོས་ཤིང་། དེ་ཡང་ཁྲག་མཁྲིས་ཀྱི་ནད་གཙོ་ཆེར་ཐུར་དུ་སྦྱོང་བའི་ལས་བཤལ་བྱེད་པ་ལ། ཐོག་མར་ནད་སྟོབས་དང་ཟུངས་སྟོབས་ལ་དཔག་ནས་དྲག་འཇམ་གཉིས་སུ་བཀར་ཏེ། དྲག་སྦྱོང་ལ་དེད་དཔོན་བཞི་སྦྱོར་དང་འཇམ་སྦྱོར་ལ་དེད་དཔོན་བཅུ་སྦྱོར། གཞན་བཤལ་གྱི་ཁ་འཛིན་དུ་ཁ་བསྒྱུར་དང་གནད་ཀྱི་མན་ངག་སོགས་རིག་པས་སྦྱར་ཏེ་ལེགས་པར་སྦྱངས་བ་དང་།  ཁྱད་པར་དུ་ནད་ཀྱི་བྱེ་བྲག་ལ་དམིགས་ནས་སྤྱིར་བཤལ་དང་སྒོས་བཤལ་གཉིས་སུ་ཕྱེ་ནས་ནང་ཚན་སྒོས་བཤལ་ནི་ཁ་འཐོར་གྱི་ནད་རང་ངོས་ཀྱི་བཤལ་ཡིན་པས་ན་ཐར་ནུ་གསུམ་པ། དུར་བྱིད་བཞི་པ། ཁྲོན་བུ་གསུམ་པ། དུར་བྱིད་ལྔ་བ་སོགས་སྦྱོར་སྡེ་མང་དུ་མཆིས་ལ།  དེ་དག་ཀྱང་གཏོང་རུང་མི་རུང་ནད་གཞིའི་སྒོ་ནས་བརྟག་པ་དང་།  རན་མི་རན་དུས་ཚོད་ཀྱི་སྒོ་ནས་བརྟག་པ། ཐུབ་མི་ཐུབ་ལུས་ཤེད་ཀྱི་སྒོ་ནས་ཡོངས་སུ་བརྟག་ཏེ།  བཤལ་གཏོང་བའི་སྔོན་འགྲོའི་ཉེ་རིང་དང་། ཤིན་ཏུ་ཉེ་བ་སོགས་ཀྱི་སྤང་བླང་ལེགས་པར་བསླབ་ནས་སྦྱོར་བ་སྣ་སེལ་དང་དེད་དཔོན། ཁ་འཛིན་གསུམ་གྱི་སྒོ་ནས་གཏོང་བར་བྱ་བ་དང་།  གཏོང་དུས་ནི་ཐོ་རངས་སྔ་ཙམ་ལ་བཏང་རྗེས་གཞོགས་ཕབ་ནས་འཕྲེད་དུ་མི་ཉལ་བར་རྒྱབ་བསྙེས་ནས་ཙོག་པུར་འདུག་པ་དང་། བཤལ་མ་ཐེབས་པ་དང་ཡང་ན་ཐེབས་དཀའ་བ་དག་ལ་བཤལ་གྱི་ལྕག་གིས་བསྐུལ་ནས་མྱུར་མོར་བཤལ་བ་དང་། དེ་གཏོང་བའི་ཚུལ་ལ་ཡང་ན་སོ་རྒས་པ་དང་ལུས་ཟུངས་ངན་པའི་རིགས་ལ་སྦྱོངས་སྨན་བསྐོལ་ནས་ཐང་གཏོང་བ་དང་། ལུས་ཟུངས་བཟང་བ་དང་། ནད་རྒྱས་པ། དར་མ་རྣམས་ལ་ཕྱེ་རིལ་གང་རུང་ཤིས་ཤིང་།  དེ་ཡང་སྐྱུགས་པ་འཆོར་བ་དང་སྨན་གྱིས་སུན་པ་རྣམས་ལ་རིལ་བུ་བཏང་ན་མཆོག་ཏུ་ཕན་ཞིང་། ཤིན་ཏུ་ལྟོ་བ་སྲ་བ་དང་སྐྱུག་པའི་ལང་ཤོར་ཡོད་པ་ལ་སྦྱོང་སྨན་དེ་ཉིད་སྨན་མར་དུ་སྦྱོར་བ།  དེ་འདོན་པའི་ཚད་ཀྱང་གྲངས་དང་བུངས། ཁ་དོག་གསུམ་གྱི་སྒོ་ནས་བརྟག་དགོས་ཏེ། མར་བཤལ་གྱི་སྟོར་བ་བཙལ་བ་ལ་སྨན་སྟོར་དང་། ནད་སྟོར་བ་གཉིས་དང་། འགྱིངས་པ་དྲང་བ་དང་། འབྱམས་པ་བཅད་པ་དང་། སྲོག་གི་བྱ་ར་བཞག་པ་སོགས་རིག་པ་སྒྲིམ་ནས་སྦྱོར་བར་བྱ་བ་དང་།  འོན་ཀྱང་དེ་རྣམས་ཀྱིས་རླུང་བསྐྱེད་པ་དང་ལུས་ཟུངས་ཀྱིས་མི་ཐེག་པ་ཡིན་ན་དེ་མ་ཐག་སྦྱོངས་ཀྱིས་འཕྲོ་གཅོད་རྒྱུའང་སྐབས་བབས་སུ་ཤེས་པར་བྱ་བ་དང་།  སྦྱོང་དེ་ཕུད་རྗེས་སུ་ནད་ལྷག་མ་ལུས་པ་ཐོན་པའི་རྟགས་སུ་ཆུ་འཁྲུ་བ་སོགས་བྱུང་བའམ་མ་ཐོན་ཀྱང་ལུས་ཟུངས་དང་སྦྱར་ཏེ་གཏོང་ན། བློ་གྲོས་གསལ་ཞིང་ཁོང་པའི་མེ་དྲོད་འབར་བ་དང་། ནད་ཀྱི་རྩ་བ་རྩད་ནས་དག་པར་ཆོད་ཅིང་བད་ཀན་སྐྱ་བོ་དང་སྨུག་པོའི་བེ་སྣབས། ཁྲག་འདྲེས་པའི་སྨུག་འདུར་གྱི་རིགས། མཁྲིས་པ་ལས་གྱུར་པའི་ནད་གཞི་མཐའ་དག་ལ་ཕན་པ་མ་ཟད། ལུས་པོ་སྔར་བས་ཡང་ལ་ཁོང་པའི་མེ་དྲོད་འབར་བས་བཟའ་བཏུང་དུ་འབྲས་སམ་ཕྱེ་ཐུག་ལ་གཡོས་སུ་མ་བྱས་པར་ཚྭ་དང་སྡོར་བག་ཤས་ཞེས་ཉུང་ཟད་ཡོད་པ་དབུལ་བར་བྱ་བ་དང་།  གལ་སྲིད་་སྦྱོངས་ཐལ་དྲགས་པ་དང་ཞན་པ་གཉིས་ལས་ལུས་ཟུངས་ཟད་ཅིང་རླུང་སྐྱེ་བ་དང་། མེ་དྲོད་འཆི་བར་བྱེད་པའི་སྟོབས་ཀྱིས་ཟུངས་ངན་ཞིང་སྦྱོངས་མ་ཐེགས་ན་འོག་ནས་ནི་རུ་ཧ་ལན་རེ་དང་། འཇམ་རྩི་ལན་གཉིས་རེ་སྤེལ་ཏེ་ངལ་གསོ་བ་ཡང་གལ་ཆེ།

གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།