0971-8201019
མ་ཤོག > ནད་མེད་ཚེ་བསྲིང་། > བྱ་བ་སྤྱོད་ལམ། >

 

 

དུས་ཚིགས་དང་མཐུན་པའི་སྤྱོད་ལམ་བསྟེན་ཚུལ།

ཡོང་ཁུངས།      |   ཀློག་གྲངས།    

      སྤྱིར་དུས་ཚིགས་ཀྱི་ཁྱད་པར་ནི་འཛམ་གླིང་གི་ཡུལ་གྲུ་ཐམས་ཅད་ཆ་སྙོམས་ཡིན་པའི་ངེས་པ་མེད་ཅིང་། ས་ཁུལ་སོ་སོའི་ས་བབ་དང་གནམ་གཤིས་ཀྱི་ཁྱད་པར་ལས་དུས་ཀྱི་ཁྱད་ཆོས་མི་འདྲ་བ་སྣ་ཚོགས་ཡོད། འདིར་མདོ་དབུས་མཐོ་སྒང་གི་དུས་ཚིགས་དང་བསྟུན་ནས་སྤྱོད་ལམ་ཚུལ་བཞིན་དུ་བསྟེན་ཚུལ་རགས་ཙམ་གླེང་བར་འདོད།

        དཔྱིད་དུས་ཀྱི་སྤྱོད་ལམ། དཔྱིད་ཀྱི་དུས་ནི་དགུན་གྱི་དུས་སུ་ནང་མི་ཡི་ལུས་ཁམས་ཀྱི་རང་བཞིན་ལྕི་ལ་སྣུམ་པའི་ངོ་བོར་གྱུར་ཞིང་ཕྱི་འབྱུང་བའི་ཁམས་ཤིན་ཏུ་གྲང་བའི་དབང་གིས་ནང་གི་བད་ཀན་ཁོག་ཏུ་གསོག་པ་དེ། དཔྱིད་དུས་ཀྱི་ཉི་འོད་ཚན་མོས་དྲོས་ཤིང་བཤིག་པས་མེ་དྲོད་ཉམས་ཏེ་སྔར་དགུན་གྱི་དུས་སུ་བསགས་པའི་བད་ཀན་གྱི་ནད་མངོན་སུམ་དུ་ལྡང་བར་བྱེད་པ་ཡིན་པས། དེ་ཞི་བར་བྱེད་པའི་ཆེད་དུ་བད་ཀན་གྱི་གཉེན་པོར་གྱུར་བའི་རོ་ཁ་བ་དང་ཚ་བ། བསྐ་བ་གསུམ་ཤས་ཆེ་བར་བསྟེན་དགོས། 

        ཁྱད་པར་དུ་ནས་རྙིང་བའི་ཟན་དང་། སྐམ་སར་གནས་པའི་སྲོག་ཆགས་ཀྱི་ཤ་སྦྲང་རྩི་དང་ཆུ་སྐོལ་ཚན་མོ། སྒའི་ཆིག་ཐང་སོགས་བཏང་ཞིང་། མདོར་ན་ཟས་སྐོམ་གྱི་ངོ་བོ་རྩུབ་པའི་རིགས་བསྟེན་དགོས། སྤྱོད་ལམ་ཐད་ནས་རྒྱུན་དུ་རྩོལ་བཅག་རན་པར་བྱེད་དགོས། 

        སོས་དུས་ཀྱི་སྤྱོད་ལམ། སོས་གའི་དུས་ནི་ཉི་མ་བྱང་བགྲོད་ཀྱི་མཐར་ཐུག་པ་དང་དེའི་འོད་ཟེར་རབ་ཏུ་ཚ་བས་ཕྱི་ནང་གི་མེ་དྲོད་ལྷག་པར་སྐྱེད་དེ་ལུས་ཀྱི་སྟོབས་འཕྲོག་ཅིང་ཉམས་པར་བྱེད་པས། དུས་དེར་རོ་མངར་བ་དང་ནུས་པ་ཡང་ཞིང་སྣུམ་པ་དང་། བསིལ་བའི་རིགས་ཀྱི་བཟའ་བཏུང་གཙོ་བོ་བསྟེན་དགོས་ལ། རོ་ལན་ཚ་བ་དང་ཚ་བ་དང་སྐྱུར་བ་རྣམས་དང་། ནུས་པ་རྣོ་ཞིང་ཚ་ལ་རྩུབ་པའི་ཁ་ཟས་དང་། སྤྱོད་ལམ་ཐད་ནས་རྩོལ་བཅག་དང་ཉི་འོད་ལ་ཡུན་རིང་དུ་འདུག་པ་སོགས་ཀྱིས་ལུས་ཟུངས་ཟད་ཅིང་གནོད་པར་བྱེད་པས། དེ་དག་སྤང་དགོས། 

      གཞན་ཡང་གངས་ཆུ་ལ་སོགས་པ་རབ་ཏུ་བསིལ་བའི་ཆུ་གཙང་མས་ལུས་པོ་ཡང་ཡང་བཀྲུ་བ་དང་། ཆང་དང་ཆུ་གྲང་མོ་བསྲེས་པ་ཉུང་ཙམ་རེ་འཐུང་བ། གོས་ཡང་ཞིང་འཇམ་པོའི་རིགས་གྱོན་པ། བསིལ་འོག་ཏུ་འདུག་པ་སོགས་བྱེད་དགོས།

       དབྱར་དུས་ཀྱི་སྤྱོད་ལམ། དབྱར་གྱི་དུས་ནི་ནམ་མཁའ་ལ་སྤྲིན་འདུས་ཤིང་ཆར་ཆུ་མོད་པའི་དུས་ཡིན་པས། ས་གཞི་ཕལ་ཆེར་ཆུ་ཁམས་ཀྱི་རླན་གཤེར་དང་ལྡན་ཞིང་། རླུང་དང་གྲང་བའི་རེག་བྱ་ལྷག་པར་རྒྱས་ཏེ་ས་རླངས་ཅན་དང་། ལོངས་སུ་སྤྱོད་རྒྱུའི་ཆུ་རྣམས་ཀྱང་ཅུང་ཟད་རྙོག་མ་ཅན་དུ་གྱུར་པས་ལུས་ཀྱི་མེ་དྲོད་ལ་ལྷག་པར་གནོད་པས། མེ་དྲོད་ཀྱི་སྟོབས་བསྐྱེད་པའི་ཁ་ཟས་ཀྱི་རིགས་རྣམས་མང་དུ་བསྟེན་ཅིང་། ཁྱད་པར་དུ་རོ་མངར་སྐྱུར་ལན་ཚ་གསུམ་དང་། ནུས་པ་ཡང་ལ་དྲོ་ཞིང་སྣུམ་པ་དང་བཅས་པ་གཙོ་བོར་བསྟེན་དགོས་ལ། ཡུལ་སྐམ་སའི་གནས་སུ་སྐྱེས་པའི་འབྲུ་རིགས་ཀྱི་ཆང་བཏུང་བ་དང་། ཁང་བའི་སྟེང་ཁང་གི་ནང་དུ་འདུག་པ་སོགས་ཧ་ཅང་བསིལ་ཆེ་བ་ཡང་མ་ཡིན་པར་བསིལ་དྲོད་སྙོམས་པའི་སྤྱོད་ལམ་ལ་གནས་དགོས། 

        སྟོན་དུས་ཀྱི་སྤྱོད་ལམ། སྟོན་གྱི་དུས་ནི་དབྱར་གྱི་དུས་སུ་ཆར་རླུང་གི་ནུས་པ་རབ་ཏུ་བསིལ་བས་མགོ་མནན་ཏེ་མཁྲིས་པ་གསོག་པ་དང་ལས་ལྡང་བར་མི་བྱེད་ལ། སྟོན་གྱི་དུས་སུ་སླེབས་པ་ན་ཆར་རིམ་བཞིན་ཆད་ཅིང་གྲང་རླུང་ཞི་ནས་འཕྲལ་དུ་ཉི་མའི་འོད་ཟེར་གྱིས་གདུངས་བས། ཆར་དུས་སུ་བསགས་པའི་མཁྲིས་པ་དེ་སྟོན་དུས་སུ་མགོ་གནོན་མེད་པས་མངོན་སུམ་དུ་ལྡང་བར་བྱེད་པ་ཡིན། 

       དེ་བས་མཁྲིས་པའི་ནད་དེ་སེལ་ཞིང་ཞི་བར་བྱེད་པའི་ཆེད་དུ་ཟས་སྐོམ་གྱི་རོ་མངར་བ་དང་ཁ་བ་དང་བསྐ་བ་རྣམས་མང་ཙམ་བསྟེན་དགོས་ལ། དུས་རྒྱུན་དུ་སྨན་ག་བུར་དང་ཙན་དན་དཀར་པོ། སྔོ་པུ་ཤེལ་ཙེའི་དྲི་དང་ལྡན་པའི་གོས་གྱོན་པ་དང་། ཁང་བའི་ནང་དུའང་དེ་དག་གི་སྤོས་ཆུས་ཆག་ཆག་བཏབ་སྟེ་བསིལ་བག་དང་ལྡན་པར་འདུག་དགོས། 

       དགུན་དུས་ཀྱི་སྤྱོད་ལམ། དགུན་སྟོད་སྨད་ནི་ནམ་ཟླ་གྲང་ངར་ཆེ་ཞིང་ཁ་བ་འབབ་པ། ཉིན་མོ་ལས་མཚན་མོ་རིང་བ་སོགས་ཀྱི་ཁྱད་ཆོས་ལྡན་པས། ལུས་ཀྱི་བ་སྤུའི་སྒོ་བཀག་སྟེ་མེ་དྲོད་ཀྱི་སྟོབས་ཕྱིར་མ་ཤོར་བས་ཕོ་བའི་མེ་དྲོད་ཤིན་ཏུ་སྟོབས་ཆེ་བའི་དུས་ཡིན་ལ། དུས་འདིར་ཟས་ཉུང་བར་གྱུར་ན་དྭངས་མ་སོགས་ལུས་ཟུངས་རྣམས་སྐེམ་ཞིང་འབྲི་བར་འགྱུར་བ་དང་། ལུས་སྟོབས་ཀྱང་ཟད་པར་བྱེད་པ་ཡིན།

       དུས་འདིར་རོ་མངར་བ་དང་སྐྱུར་བ། ལན་ཚྭ་ཤས་ཆེ་བའི་ཟས་སྐོམ་གྱི་རིགས་བསྟེན་ན་ལུས་སྟོབས་གསོ་བའི་ནུས་མཐུ་ཆེ་ལ་རླུང་འཇོམས་པ་དང་། མེ་དྲོད་སྙོམས་པར་བྱེད་པ་ཡིན། ཁྱད་པར་དུས་འདིར་ཉིན་མོ་ལས་མཚན་མོ་ཤིན་ཏུ་རིང་བས། ཐོ་རེངས་ཀྱི་དུས་སུ་བཀྲེས་པར་འགྱུར་བ་ཡིན་ཏེ། བཀྲེས་པ་དེ་ཡིས་མེ་དྲོད་ཀྱི་ཤུགས་བརྟེན་མི་ནུས་པར་ལུས་ཟུངས་དང་སྣུམ་བཅུད་རྣམས་ལྷག་པར་འབྲི་བར་འགྱུར་བ་ཡིན། དེའི་ཕྱིར་ཏིལ་མར་སོགས་འབྲུ་མར་གྱི་རིགས་ཀྱིས་བྱུག་ཅིང་མཉེ་བ་དང་། ལུག་ཤ་སོགས་ཤ་བཟང་བོ་བཙོས་པའི་ཁུ་བ་དང་། མར་གསར་བའི་ཞུན་མར། གྲོ་དང་འབྲས་ལས་བྱས་པའི་ཁུར་བ། བུ་རམ་དང་ཆང་གར་མ། ཚིལ་དང་ཏིལ་མར་འོ་མ་ལ་སོགས་པའི་བཟའ་བཏུང་སྣུམ་བཅུད་ལྡན་པ་གཙོ་ཆེར་བསྟེན་ཅིང་། གྲང་ངར་འགོག་ཐུབ་ཅིང་དྲོ་བའི་གོས་རིགས་གྱོན་པ་དང་དུས་རྒྱུན་དུ་ལྷམ་དྲོན་པོ་གྱོན་པ། དྲོད་དུགས་དང་མེ་ཉིའི་འོད་ལ་རན་ཙམ་བསྲོ་ཞིང་། ཁང་བ་དྲོ་བའི་ནང་འདུག་དགོས། 

        མདོར་ན། དབྱར་དགུན་གྱི་དུས་སུ་དྲོ་བའི་རིགས་རྣམས་ཤས་ཆེར་བསྟེན་དགོས་པ་དང་། དཔྱིད་ཀའི་དུས་རྩུབ་པ་དང་། སྟོན་དང་སོ་ག་གཉིས་ལ་བསིལ་བའི་རིགས་བསྟེན་དགོས། ཁྱད་པར་དུ་ཟས་སྐོམ་གྱི་དབང་དུ་བྱས་ན་དབྱར་དང་དགུན་གྱི་དུས་སུ་མངར་སྐྱུར་ལན་ཚ་བའི་རིགས་གཙོ་བོར་བསྟེན་པ་དང་། དཔྱིད་ཀ་ནི་ཁ་ཚ་བ་དང་བསྐ་བ་བཅས་བསྟེན་དགོས་ལ། སོ་གའི་དུས་སུ་མངར་བ་དང་སྟོན་ཀར་མངར་བ་དང་ཁ་བ། བསྐ་བའི་རིགས་བསྟེན་དགོས། 

གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།