0971-8201019
མ་ཤོག > གཞུང་ལུགས། > རྒྱུད་བཞི། > བཤད་རྒྱུད། >

 

 

ལེའུ་སོ་གཅིག་པ། གསོ་བ་པོ་སྨན་པ།

ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསོ་རིག   |   ཀློག་གྲངས།    

དེ་ནས་ཡང་དྲང་སྲོང་ཡིད་ལས་སྐྱེས་ཀྱིས་འདི་སྐད་ཅེས་ཞུས་སོ། །ཀྱེ་སྟོན་པ་དྲང་སྲོང་རིག་པའི་ཡེ་ཤེས་ལགས། །བྱ་བྱེད་སྨན་པའི་གནས་ལ་ཇི་ལྟར་བསླབ་པར་བགྱི། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་དུ་གསོལ། །ཞེས་ཞུས་པ་ལས། སྟོན་པས་གསུངས་པ། ཀྱེ་དྲང་སྲོང་ཆེན་པོ་ཡིད་ལས་སྐྱེས། །དེ་ལྟར་གསོ་བར་བྱེད་པའི་གསོ་བ་པོ། །བྱ་བ་བྱེད་པ་སྨན་པའི་གནས་བསྟན་པ། །རྒྱུ་དང་ངོ་བོ་ངེས་ཚིག་དབྱེ་བ་དང༌། །ལས་དང་འབྲས་བུ་རྣམ་པ་དྲུག་གིས་བསྟན། །རྒྱུ་ནི་བློ་ལྡན་བསམ་པ་དཀར་བ་དང༌། །དམ་ཚིག་ལྡན་ཞིང་རྣམ་པ་བཟོ་བ་དང༌། །བྱ་བ་ལ་བརྩོན་མི་ཆོས་མཁས་དང་དྲུག །དེ་ལ་དང་པོ་བློ་དང་ལྡན་པ་ནི། །བློ་ཆེ་བློ་བརྟན་བློ་གཟེག་གསུམ་ལྡན་པས། །གསོ་དཔྱད་མདོ་རྒྱས་མ་ལུས་ཁོང་དུ་ཆུད། །ལག་ལེན་ཀུན་ལ་ཐོགས་བརྡུགས་ཉམ་ང་མེད། །རིག་པས་དཔྱོད་ཤེས་མངོན་ཤེས་ཕྲ་མོ་འཆར། །དེ་ཉིད་རྒྱུ་ཡི་ནང་ནས་མཆོག་ཅེས་བྱ། །བསམ་པ་དཀར་བ་བྱང་ཆུབ་སེམས་ལྡན་པ། །སྦྱོར་བ་དངོས་གཞི་འཇུག་ལས་དང་པོ་ནི། །སྡུག་བསྔལ་མཐོང་དང་ཕན་འདོགས་དད་པ་དང༌། །བཟང་ངན་བྱམས་སྡང་ཞེ་ནས་སྙོམས་པ་ཡིས། །སྙིང་རྗེ་བྱམས་པ་དགའ་བ་བཏང་སྙོམས་བཞི། །སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །དངོས་གཞི་འཇུག་པ་ཚད་མེད་ཉམས་སུ་བླང༌། །འཇུག་པ་བསྔགས་པར་བལྟ་ཞིང་ཁོན་འཛིན་མེད། །དེ་ལྡན་གསོ་སླ་འཚོ་མང་གྲོགས་སུ་འགྱུར། །དམ་ཚིག་ལྡན་པ་བློ་བཞག་རྣམ་པ་དྲུག །བཟུང་བྱ་གཉིས་དང་ཤེས་བྱ་གསུམ་དུ་བཤད། །དང་པོ་སློབ་དཔོན་གསུང་དང་གསོ་དཔྱད་དང༌། །མཆེད་དང་ནད་པ་རྣག་ཁྲག་རྣམ་དྲུག་ལ། །སངས་རྒྱས་དྲང་སྲོང་གསུང་དང་བཀའ་རྒྱུད་དང༌། །གྲོགས་སྤུན་བུ་ཚ་ཁྱི་ཕག་ལྟ་བུར་ནི། །བློ་བཞག་པ་ཡི་དམ་ཚིག་དྲུག་བསྲུང་བྱ། །གཉིས་པ་སྨན་གྱི་རིག་འཛིན་ཆ་བྱད་རྣམས། །བཀའ་སྲུང་ཕྱག་ཆ་ལྟ་བུར་བཟུང་ཞིང་བསྲུང༌། །གསུམ་པ་སྨན་རྣམས་ནོར་བུ་བདུད་རྩི་དང༌། །མཆོད་རྫས་ཤེས་པར་བྱ་བ་གསུམ་ཡིན་ཏེ། །དགོས་འདོད་འབྱུང་བའི་ནོར་བུར་ཤེས་པར་བྱ། །ནད་རྣམས་སེལ་བའི་བདུད་རྩིར་ཤེས་པར་བྱ། །ཕུད་ཀྱིས་རིག་འཛིན་མཆོད་པའི་རྫས་སུ་ཤེས། །དང་པོ་རིན་པོ་ཆེ་དེ་བཙལ་ལ་བཅང༌། །གཉིས་པ་ལེགས་པར་སྦྱར་ལ་བྱིན་གྱིས་བརླབ། །རང་ཉིད་བཻཌཱུརྱ་འོད་རྒྱལ་པོ་དང༌། །སྨན་གྱི་སྣོད་ནི་བདུད་རྩི་ལྷུང་བཟེད་བསམ། །སྨན་བླ་དྲང་སྲོང་རྣམས་ཀྱིས་ཤིས་པ་བརྗོད། །འཚོ་མཛད་སྨན་པའི་རྒྱལ་པོ་བཅོམ་ལྡན་འདས། །དུག་གསུམ་ནད་སེལ་སངས་རྒྱས་སྨན་གྱི་བླ། །སྐུ་མདོག་མཐིང་ག་བཻཌཱུརྱ་ཡི་འོད། །སྤྲུལ་པའི་སྐུ་ལ་མཚན་དང་དཔེ་བྱད་ལྡན། །རླུང་མཁྲིས་བད་ཀན་ནད་ཀྱིས་གདུངས་པ་ལ། །ནད་ཀྱི་གཉེན་པོ་ཕྱག་གཡས་ཨ་རུ་ར། །ཕྱག་གཡོན་བདུད་རྩིའི་ལྷུང་བཟེད་པར་པུ་བསྣམས། །བཻཌཱུརྱ་ཡི་འོད་ལ་ཕྱག་འཚལ་ལོ། །རིག་པའི་གནས་མཆོག་བཅོ་བརྒྱད་ཐུགས་སུ་ཆུད། །ཚེ་ལ་དབང་བའི་བཅུད་ལེན་དངོས་གྲུབ་བརྙེས། །མངོན་ཤེས་སྙིང་རྗེས་འགྲོ་མཆོག་འདུ་བ་སྙོམས། །དྲང་སྲོང་རིག་འཛིན་རྣམས་ལ་ཕྱག་འཚལ་ལོ། །ལྷ་རྣམས་ཀྱི་ནི་བདུད་རྩི་ལྟ་བུ་དང༌། །ཀླུ་རྣམས་ཀྱི་ནི་གཙུག་ནོར་ལྟ་བུ་དང༌། །དྲང་སྲོང་རྣམས་ཀྱི་བཅུད་ལེན་ལྟ་བུར་ནི། །ཁྱེད་ལ་སྨན་འདི་ཉེ་བར་གནས་གྱུར་ཅིག །རླུང་མཁྲིས་བད་ཀན་བཞི་བརྒྱ་རྩ་བཞིའི་ནད། །ཚེ་ལ་བར་དུ་གཅོད་པ་ཞི་བ་དང༌། །གནོད་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང༌། །ཡེ་འབྲོག་སུམ་བརྒྱ་དྲུག་ཅུ་ལ་སོགས་པ། །བསམས་པའི་བར་དུ་གཅོད་པ་ཞི་བར་མཛོད། །ཨོཾ་ན་མོ་བྷ་ག་ཝ་ཏེ་བྷཻ་ཥ་ཛྱེ་གུ་རུ་བཻ་ཌཱུརྱ་པྲ་བྷ་རཱ་ཛཱ་ཡ་ཏ་ཐཱ་ག་ཏཱ་ཡ་ཨརྷ་ཏེ་སམྨྱཀྶཾབུདྡྷཱ་ཡ། ཏདྱ་ཐཱ། ཨོཾ་བྷཻ་ཥ་ཛྱེ། བྷཻ་ཥ་ཛྱེ། མཧཱ་བྷཻ་ཥ་ཛྱེ། བྷེ་ཥ་ཛྱེ་རཱ་ཛཱ་ཡ། ས་མུངྒ་ཏེ་སྭཱ་ཧཱ། །བདུན་བཟླས་བདུད་རྩིར་བསམས་ཏེ་རིག་འཛིན་མཆོད། །དངོས་གྲུབ་བླངས་པས་རང་གི་ནད་གདོན་བསལ། །ནད་པས་བསྟེན་པས་འཆི་བ་སོས་པར་བསམ། །དམ་ལྡན་བྱིན་འབེབས་བཀྲ་ཤིས་བསོད་ནམས་འབྱུང༌། །རྣམ་པ་བཟོ་བ་ལུས་ངག་ཡིད་དང་གསུམ། །ལག་པ་བཟོ་བས་སྨན་དཔྱད་བཟོ་ལ་མཁས། །ངག་ཚིག་སྙན་པས་ནད་པ་སྤྲོ་སྐྱེད་ནུས། །རིག་པ་བཀྲ་བས་ཡིད་ལ་མ་རྨོངས་གསལ། །དེ་ཤེས་བཟོ་རྣམས་ཀུན་གྱི་དཔོན་དུ་འགྱུར། །བྱ་བ་ལ་བརྩོན་བདག་དང་གཞན་གཉིས་ཏེ། །བདག་ཉིད་བྱ་བ་བརྩོན་པ་རྒྱུ་ལ་བསླབ། །རྐྱེན་བསྟེན་གྲོགས་ལ་བརྩོན་བྱ་གོམས་མཐར་དབྱུང༌། །རྒྱུ་ནི་འདྲི་ཀློག་མཐའ་རུ་ཕྱིན་པར་བསླབ། །ཆོད་དང་མི་ཆོད་དེ་ལ་བརྟེན་པར་སྣང༌། །དེ་རྐྱེན་སློབ་དཔོན་བསྟེན་ཏེ་མཚན་ཉིད་དང༌། །བསྟེན་པའི་ཐབས་དང་བསྟེན་པའི་དགོས་པ་གསུམ། །མཚན་ཉིད་རྒྱ་ཆེ་མཁས་དང་མན་ངག་ལྡན། །ངང་རིང་གསོག་ཆུང་བརྩེ་ལ་བཀུར་འོས་བསྟེན། །བསྟེན་ཐབས་དོགས་པ་མེད་པར་བློ་གཏད་ལ། །ངོ་ལྐོག་མེད་པར་བྱ་བ་བསྒྲུབ་པར་བྱ། །སྤྱོད་པ་ཐམས་ཅད་དེ་ཡི་ཡུལ་དང་བསྟུན། །དྲིན་དུ་ཚོར་བས་རྒྱུན་དུ་བསྲིང་བར་བྱ། །དགོས་པ་མྱུར་བར་ལོབས་དང་མཁས་པར་འགྱུར། །གྲོགས་ལ་བརྩོན་བྱ་ཞུ་དང་དྲི་བ་དང༌། །བཟུང་དང་བསམ་པ་ལེ་ལོ་བྱ་བ་མིན། །ཅི་ཡི་ཕྱིར་ན་དེ་ཉིད་བར་གཅོད་དགྲ། །གོམས་པ་མཐར་དབྱུང་མཐོང་ཐོས་བླང་བ་སྟེ། །ཐམས་ཅད་ཞེན་འདྲིས་ཐེ་ཚོམ་སྤོང་བར་བྱེད། །གཞན་གྱི་བྱ་བ་ལ་བརྩོན་ནད་པ་དེ། །དེ་དོན་ཕྱི་བཤོལ་བར་དུ་མ་ཆོད་པར། །གྱང་ཐོག་མར་ཕོར་བོ་ན་གསོད་བསྡིགས་བཞིན། །སྨན་དཔྱད་དུས་ལས་མ་འགྱངས་བརྩོན་པས་སྒྲིམས། །མི་ཡི་ཆོས་ལུགས་མཁས་པར་བྱ་བ་ནི། །མི་ཆོས་པ་དང་དམ་པ་ཐུན་མོང་གསུམ། །དང་པོ་མཁས་པར་བསླབ་ལ་གཉེན་གྱིས་བཙའ། །གྱོང་གིས་འདུལ་གསུམ་ལྡན་ན་འདོད་པ་འགྲུབ། །དམ་པའི་ཆོས་ལུགས་སྣ་དུལ་འགྲོགས་པ་བདེ། །ཆོག་ཤེས་གྱུར་ན་རང་གཞན་ཕན་ཐོགས་འགྱུར། །ཐུན་མོང་ཕོངས་པ་རྣམས་ལ་སྙིང་རྗེས་བཟུང༌། །མཐོན་པོ་རྣམས་ཀྱིས་རང་གིས་མདོ་དོན་སྒྲུབ། །ཚོགས་པ་དྲུག་ལྡན་འབྲས་བུ་ཐེ་ཚོམ་མེད། །ཉེས་པ་གནོད་བྱ་གཉེན་པོའི་མཚན་ཉིད་རྣམས། །ཅི་རིགས་ཁོང་དུ་ཆུད་པ་ངོ་བོར་འདོད། །ངེས་ཚིག་ནད་གསོ་ལུས་ལ་ཕན་ཕྱིར་སྨན། །ནད་སྟེང་དཔྱད་དཔའ་འགྲོ་ལ་ཕ་ལྟར་སྐྱོབ། །རྒྱལ་པོ་རྣམས་ཀྱིས་རྗེ་རུ་འཁུར་བར་བྱེད། །དབྱེ་བ་སྨན་པ་བླ་ན་མེད་པ་དང༌། །ཁྱད་པར་ཅན་དང་ཕལ་པ་གསུམ་ཡིན་ཏེ། །དུག་གསུམ་རྒྱུ་འབྲས་ནད་སེལ་གོང་ན་མེད། །གཞན་རིག་མངོན་ཤེས་བྱམས་ལྡན་དྲང་པོར་སྲོང༌། །གནང་རིགས་རྗེས་སྦྱངས་ལས་གོམས་འགྲོ་བའི་གཉེན། །འདོད་པས་འཕྲལ་དུ་ཆ་བཟུང་སྲོག་གི་གཤེད། །འོན་ཀྱང་མཆོག་དང་ཐ་མར་གྲགས་པ་སྟེ། །གདུང་བཙུན་བློ་དང་ལྡན་ཞིང་དམ་ལ་གནས། །གཞུང་གི་དོན་མཁས་མན་ངག་གནད་དུ་རྡེག །གོམས་ཐོག་གཙོ་བོར་ཆོས་གཉེར་འདོད་པ་སྤངས། །དུལ་ཞིང་བཟོ་མཁས་འགྲོ་ལ་བྱམས་སེམས་ཆེ། །གཡེལ་མེད་གཞན་གྱི་དོན་ལ་རང་དོན་སེམས། །གསོ་དཔྱད་ཀུན་ལ་རྨོངས་མེད་སྨན་པ་མཆོག །འགྲོ་བ་ནད་པ་རྣམས་ཀྱི་མགོན་གཅིག་པུ། །རིག་འཛིན་དྲང་སྲོང་རྣམས་ཀྱི་རྒྱུད་འཛིན་སྲས། །འཚོ་མཛད་སྨན་པའི་རྒྱལ་པོའི་སྤྲུལ་པར་བཤད། །དེ་ལྟར་མི་ལྡན་ཐ་མའི་སྐྱོན། །རིགས་རྒྱུད་མེད་པའི་སྨན་པ་དེ། །ཝ་ཡིས་རྒྱལ་ས་བཟུང་བ་ལྟར། །ཀུན་གྱིས་སྤྱི་བོར་བཀུར་མི་འགྱུར། །གཞུང་དོན་མི་ཤེས་སྨན་པ་དེ། །དམུས་ལོང་དག་ལ་རྫས་བསྟན་བཞིན། །ནད་རིགས་བཅོས་ཐབས་ཤན་མི་ཕྱེད། །མཐོང་གོམས་མེད་པའི་སྨན་པ་དེ། །རྒྱུས་མེད་ལམ་དུ་ཞུགས་པ་བཞིན། །ནད་རྟགས་དཔྱད་ལ་ཐེ་ཚོམ་འགྱུར། །བརྟག་ཐབས་མི་ཤེས་སྨན་པ་དེ། །གཉེན་མེད་བྱེས་སུ་འཁྱམས་པ་འདྲ། །ནད་ངོ་ཤེས་པ་གཅིག་མི་འབྱུང༌། །རྩ་ཆུ་མི་ཤེས་སྨན་པ་དེ། །བྱ་པས་བྱ་གཏོང་མི་ཤེས་འདྲ། །ཚ་གྲང་ནད་ཀྱི་སྐད་མི་སྟེར། །ཁ་དམར་མི་ཤེས་སྨན་པ་དེ། །གཙོ་བོས་སྨྲ་བ་མི་ཤེས་འདྲ། །རང་སྐྱེངས་གྲགས་པ་ངན་པ་འཕོག །བཅོས་ཚུལ་མི་ཤེས་སྨན་པ་དེ། །མུན་ཁུང་འབེམ་ལ་བརྡེག་པ་འདྲ། །གཉེན་པོ་ནད་ཐོག་འབབ་མི་འགྱུར། །ཟས་སྤྱོད་མི་ཤེས་སྨན་པ་དེ། །རང་སྲིད་དགྲ་ལ་ལོག་པ་འདྲ། །ནད་ཀྱི་སྟོབས་སྐྱེད་ལུས་ཟུངས་འཇོམས། །ཞི་སྦྱོར་མི་ཤེས་སྨན་པ་དེ། །སོ་ནམ་མི་ཤེས་ཞིང་པ་འདྲ། །དམན་ལྷག་ལོག་པས་ནད་སྐྱེད་འགྱུར། །སྦྱོང་བྱེད་མི་ཤེས་སྨན་པ་དེ། །བྱེ་མའི་རི་ལ་ཆུ་འབེབས་འདྲ། །ནད་དང་ལུས་ཟུངས་མ་རུངས་བྱེད། །ཆ་བྱད་སྨན་མེད་སྨན་པ་དེ། །གོ་མཚོན་མེད་པའི་དཔའ་བོ་འདྲ། །ནད་ཀྱི་དགྲ་དཔུང་ཆོམས་མི་འགྱུར། །གཏར་བསྲེག་མི་ཤེས་སྨན་པ་དེ། །ནང་ཡན་མེད་པའི་རྐུན་མོ་འདྲ། །ནད་དང་དཔྱད་དུ་འཛོལ་བར་འགྱུར། དེ་ཕྱིར་སྨན་པ་ངན་པ་ནི། །ལྕི་ཡང་ལོག་པར་རྟོགས་པ་ཡིས། །གསོ་བ་ལོག་པ་དག་ཏུ་འགྱུར། །བདུད་ཉིད་སྨན་པའི་ཆ་བྱད་ཅན། །གཤིན་རྗེའི་ཞགས་པ་ཐོགས་པས་ན། །སྲོག་གི་གཟུ་བ་ཡིན་པའི་ཕྱིར། །འབྲེལ་བ་མི་བྱ་འཁོར་རྣམས་འཕུང༌། །སྨན་པའི་ལས་ལ་ཐུན་མོང་ཁྱད་པར་གཉིས། །དང་པོ་ལུས་ངག་ཡིད་ཀྱི་བྱ་བའི་ལས། །ལུས་ཀྱིས་སྨན་དང་ཆ་བྱད་ཚོགས་པར་བསག །ནད་པའི་བྱ་བ་གང་ཡིན་དོན་དུ་གཉེར། །ངག་གི་ལས་ནི་ཁ་དམར་གདགས་པ་སྟེ། །རྟོགས་ན་ཁྲོམ་དུ་དུང་འབུད་ལྟ་བུར་གདགས། །འཚོ་བར་ཁས་བླངས་འཆི་བར་དུས་བཏབ་གཅེས། །ཉམས་མ་ལོངས་ན་སྦྲུལ་ལྕེ་ལྟ་བུར་གདགས། །གཉིས་ལ་ཞོན་ནས་གང་བཟང་སྟེང་དུ་བྲོས། །ཡང་ན་མཐུན་པར་སྣང་བ་གསལ་གདབ་ཅིང༌། །བློ་ཡི་ཆོད་པ་ཡུལ་དང་བསྟུན་པ་དང༌། །སྲིད་པའི་སྒོ་མི་བགག་པར་རྫོང་ལ་བྲོས། །དང་པོ་ནད་པས་དོགས་དང་སྨན་པས་རྟོགས། །གཅིག་པར་མཐུན་ན་དེ་ཉིད་གསལ་པོར་བརྗོད། །གཉིས་པ་ནད་པས་དུག་ཏུ་དོགས་པ་ལ། །གཞན་བཟུང་ཐོག་ཏུ་མ་བྱུང་ཟེར་སྲིད་ཕྱིར། །བློ་བསྟུན་དེར་བཏགས་ནད་གང་ཡིན་པ་བཅོས། །གསུམ་པ་འཚོ་འཆི་ཉེན་ཆེ་ཉེན་ཆུང་རྣམས། །ཀླུང་རྟ་ལས་དབང་བསོད་ནམས་རྐྱེན་དབང་གིས། །ཇི་འདྲ་འཆི་ལ་ཇི་འདྲ་འཚོ་བའི་ཕྱིར། །ཁ་དམར་ཧ་ཅང་གསལ་བ་སྨྲ་མི་བཏུབ། །ཉེན་ཆེར་ཡོད་ཀྱང་གསོ་རུ་ཡོད་པར་སྨྲ། །ཉེན་ཆུང་ཚོར་ཡང་བྱ་ར་དགོས་པར་སྨྲ། །ལར་ཡང་མི་ཆོས་འཇིག་རྟེན་དག་དང་བསྟུན། །ཡིད་ལས་མ་འཁྲུལ་བརྩོན་པས་བསམ་ཞིང་གཞིག །ཁྱད་པར་ལས་ནི་ལྟ་སྒོམ་སྤྱོད་པ་གསུམ། །ལྟ་བ་ཆོས་རྣམས་ཀུན་ལ་དབུ་མར་རྟོགས། །དམན་མཐའ་ལྷག་མཐའ་ལོག་པའི་མཐའ་སྤངས་པའི། །ཡང་དག་དབུ་མར་བལྟ་བ་ལྟ་བའི་མཆོག །སྒོམ་པ་ཚད་མེད་བཞི་ཡི་ངང་དུ་གནས། །ལོག་པའི་གོལ་ས་བཞི་རུ་མ་ཤོར་གཅེས། །སྤྱོད་པ་སྤང་བླང་གཉིས་ལས་མི་དགེ་སྤང༌། །སྨྱོ་འཆལ་ཐོ་ཅོ་སྡིག་པ་ངན་སྤྱོད་དོར། །སྦྱིན་དང་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་སྤྱད། །སྨན་པའི་འབྲས་བུ་གནས་སྐབས་མཐར་ཐུག་གཉིས། །གནས་སྐབས་འབྲས་བུ་ཚེ་འདིར་སྐྱིད་པ་དང༌། །དབང་དང་ལོངས་སྤྱོད་དགའ་བདེ་ལྡན་པར་འགྱུར། །དེ་དག་སྒྲུབ་པར་བྱེད་པ་སྨན་ཡིན་པས། །དེ་ཡང་རང་གི་ཡོན་ཏན་མི་ལ་འཕྱར། །འཚེ་བའི་མི་ལའང་སྤུན་བཞིན་བག་ཕབ་ལ། །བརྟག་ཅིང་ཚོད་བླང་སྤྱོད་པ་བསྟུན་ལ་བཅོས། །དེ་ཡིས་བསོད་ནམས་གྲགས་པ་ཐོབ་པར་འགྱུར། །འདོད་པའི་ཟས་དང་ལོངས་སྤྱོད་ཤུགས་ལས་འབྱུང༌། །འདི་དུས་བག་དང་ལྡན་པས་བཙའ་བར་བྱ། །བྲིན་པའི་དུས་སུ་ཟས་ནོར་གཤེར་ཞིང་བླངས། །འགྱངས་ན་དྲིན་བྱས་བརྗེད་ནས་ལན་མི་ཁྱེར། །མཐར་ཐུག་འབྲས་བུ་གཡོ་སྒྱུ་འདོད་པ་རྣམས། །སྤངས་ནས་ནད་པ་གསོ་བ་ལ་འཇུག་པ། །བླ་མེད་སངས་རྒྱས་ས་ལ་བགྲོད་འགྱུར་ཞེས། །འཚོ་མཛད་སྨན་པའི་རྒྱལ་པོས་བཤད་པ་ཡིན། །ཞེས་གསུངས་ནས་རིག་པའི་ཡེ་ཤེས་དེ་སྨན་པའི་རྒྱལ་པོའི་དབུའི་གཙུག་ཏུ་ཐིམ་པར་གྱུར་ཏོ། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་གསོ་བ་པོ་སྨན་པའི་ལེའུ་སྟེ་སུམ་ཅུ་རྩ་གཅིག་པའོ། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་བཤད་པའི་རྒྱུད་ཅེས་བྱ་བ་རྫོགས་སོ།། །།
གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།