0971-8201019
མ་ཤོག > གཞུང་ལུགས། > རྒྱུད་བཞི། > ཕྱི་མ་རྒྱུད། >

 

 

ལེའུ་ཉེར་ལྔ་པ། དཔྱད་ལྔའི་ལོག་གནོན་ཐུར་མ།

ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསོ་རིག   |   ཀློག་གྲངས།    

དེ་ནས་ཡང་དྲང་སྲོང་རིག་པའི་ཡེ་ཤེས་ཀྱིས་འདི་སྐད་ཅེས་གསུངས་སོ། །ཀྱེ་དྲང་སྲོང་ཆེན་པོ་ཉོན་ཅིག །དཔྱད་ལྔའི་ལོག་གནོན་ཐུར་མའི་དཔྱད་མཆོག་ལ། །རུང་དང་མི་རུང་ནད་གཞི་བརྟག་པ་དང༌། །ཆ་བྱད་དབྱིབས་དང་གསང་ས་དབྱེ་བ་དང༌། །ཆོ་ག་བརྡེག་ཐབས་ལག་ཚོད་འཆི་རྟགས་དང༌། །ལོག་གནོན་ཕན་ཡོན་བསྟན་པ་བཅུ་གཅིག་གོ །ཐུར་མ་འཕང་དུ་རུང་བའི་ནད་གཞི་ནི། །རླུང་དང་བད་ཀན་གྲང་བ་མ་ཞུ་སྐྲན། །དམུ་ཆུ་རླངས་འཁྱིམས་ཤ་བེམ་སྐྲངས་པ་དང༌། །ཁྲག་དང་ཆུ་སེར་རྣག་དང་ཚིགས་ཆུ་སོགས། །གསོ་དཔྱད་གཞན་བརྡུགས་ཕལ་ཆེར་ཐུར་མས་གསོ། །རླུང་ནད་མགོ་རླུང་སྙིང་རླུང་གློ་རླུང་དང༌། །མཆིན་མཆེར་ཕོ་མཁལ་རྒྱུ་ལོང་མཁྲིས་པའི་རླུང༌། །རྒལ་པ་རུས་ཚིགས་རླུང་ཞུགས་ཐུར་མས་གཞིལ། །སྙིང་རླུང་སྨྱོ་བྱེད་ཆུ་སེར་བད་ལྡན་བཞི། །བད་ཀན་གྲང་བ་མེ་དྲོད་ཉམས་པ་དང༌། །ལྷེན་དང་ལྕགས་དྲེག་མགོ་ལ་བད་ཀན་རྒྱས། །དོན་སྣོད་ཚིགས་ལ་བད་ཀན་རྒྱས་པ་རྣམས། །སྨན་དཔྱད་དྲོད་ཀྱིས་མ་སེལ་ཐུར་མས་གསོ། །མ་ཞུ་སྙིགས་མ་རང་སོར་ལུས་པ་དང༌། །བད་ཀན་བེ་སྣབས་རྒྱས་པ་ཐུར་མས་བཞུ། །སྐྲན་ནད་གློ་སྙིང་མཆིན་མཆེར་མཁལ་མ་དང༌། །ཕོ་ལོང་མཁྲིས་པ་རྒྱུ་མ་ལྒང་པ་མངལ། །རྩ་སྐྲན་བཅུ་གཅིག་བད་རླུང་ལས་གྱུར་པའི། །གྲང་བའི་སྐྲན་ལ་ཐུར་མ་མཆོག་ཡིན་ཏེ། །ཁྲག་མཁྲིས་ལས་གྱུར་ཚ་བའི་སྐྲན་རྣམས་ཀྱང༌། །བཅོས་བརྡུགས་ཚད་ཆོགས་རྙིངས་ནས་ཐུར་མས་བཤིག །དམུ་ཆུ་གྲང་བའི་ཟག་ཆུ་འཁྱིམས་ཆུ་གཙག །རླངས་འཁྱིམས་མགོ་ལ་བད་ཀན་རླངས་འཁྱིམས་དང༌། །བྱང་ཁོག་སྟོད་དུ་བད་རླུང་རླངས་འཁྱིམས་དང༌། །གློ་སྙིང་ཕོ་བར་རླངས་འཁྱིམས་ཐུར་མས་གསང༌། །ཤ་ལ་ཆུ་སེར་བེམས་དང་སྐྲངས་པ་དང༌། །མགོ་དང་བྱང་ཁོག་ཡན་ལག་ཆུ་སེར་དང༌། །རྣག་ཁྲག་ཞུགས་པ་ཐུར་མས་དབྱུང་བར་བྱ། །མི་རུང་ཤིན་ཏུ་རྒས་དང་བྱིས་པ་དང༌།།སྨན་པའི་བསྒོ་བ་མི་ཉན་རྐྱེན་མ་འཛོམ། །མཆིན་མཆེར་སྐྲན་ཟགས་ཚ་ཆུ་ཚ་སྐྲན་རྒྱས། །སྙིང་སོགས་དོན་སྣོད་འགྲམས་སམ་ཚ་རོ་ཡོད། །ཁྲག་མཁྲིས་ལས་གྱུར་ཚ་བ་ཐམས་ཅད་དང༌། །སྲོག་གནས་གནད་སྟེང་ཐུར་མ་སྤང་བར་བྱ། །ཆ་བྱད་དབྱིབས་ཚད་མགར་བ་མཁས་བརྡུངས་པའི། །ནས་འདྲ་གློ་སྙིང་ཚིགས་པ་མཁལ་མར་བསྔགས། །སྦལ་མགོ་འདྲ་བ་མཆིན་མཆེར་རྒྱུ་ལོང་ལ། །ཆུ་གྲི་འདྲ་བས་ཡན་ལག་ཅུར་འབྱིན་བྱ། །མདུང་རྩེ་འདྲ་བས་ཡན་ལག་རྣག་ལ་སྦྱར། །མཐོ་གང་དབལ་ལྡན་ཕོ་བའི་ཅུར་འབྱིན་བྱ། །ལེབ་ཆུ་ཁ་ཡིས་མགོ་ལ་བཙག་པར་བྱ། །སྦུབས་ཐུར་སྦལ་མགོ་འདྲ་བས་སྙིང་ཆུ་གཙག །བྱིད་པོའི་མཆུ་འདྲས་བྱང་ཁོག་རྣག་གསང་དབྱེ། །སྨྱུག་ཁས་དམུ་ཆུ་གཙག་ཅིང་རླངས་འཁྱིམས་གདོན། ཟངས་ཐུར་བྲ་བོ་འདྲ་བས་མིག་འགྲིབས་བསལ། །ཀུན་ཀྱང་མགོ་འོག་ལུས་ཤོང་ཐུར་ཞབས་ལྡིག །ཕྲ་ལ་མཁྲང་བ་སྲིད་སོར་དྲུག་པ་བྱ། །གསང་ས་ཐུར་ལམ་རྣམ་པ་བཞི་ཡིན་ཏེ། །དོན་སྣོད་ཡུལ་དང་རྩ་གནད་ཤེས་པ་ཡིས། །སྤྱི་དང་བྱེ་བྲག་གསང་ས་བསྟན་པའོ། །དང་པོ་དོན་སྣོད་ཡུལ་ས་མ་ཤེས་ན། །གང་ལ་ནད་ཞུགས་དཔྱད་ཀྱི་དམིགས་མི་ཕྱེད། །རྩ་གནད་མ་ཤེས་དཔྱད་ལ་འཛོལ་མི་ནུས། །སྨན་པའི་ལག་དགྲ་སྤང་ཕྱིར་རྩ་གནད་གཅེས། །དེ་ཕྱིར་བྱང་ཁོག་ཡུལ་ཚད་ཡིད་ལ་གཟུང༌། །གསང་ལ་དབྱེ་གསང་མེ་གསང་ཐུར་གསང་གསུམ། །རྣག་ཁྲག་ཆུ་སེར་དབྱེ་གང་བྱང་ཁོག་གསལ། །མེ་གསང་མེ་བཙའི་འབྲུ་བཤག་ནང་དུ་བསྟན། །ཐུར་མའི་གསང་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱི་གསང་ཡངས་དང་ཤིན་ཏུ་ཡངས་པ་དང༌། །དོག་དང་ཤིན་ཏུ་དོག་པ་རྣམ་པ་བཞི། །ཡངས་པའི་གསང་ལ་ཐུར་མ་གཡུལ་ཐབས་ཐུབ། །ཤིན་ཏུ་ཡངས་པ་རྒྱ་གྲམ་ཐུབ་པ་ཡིན། །དོག་པ་གཉན་ཐོག་གཉན་བབས་ཞེས་བྱ་སྟེ། །ནད་ཀྱིས་གནད་ཀྱི་གོ་འཕྲོག་དེ་ལ་བྱ། །ཤིན་ཏུ་དོག་པ་གནད་ཀྱིས་ནད་གོ་ཕྲོགས། །ཐུར་ལམ་གཅུས་ལ་བཙལ་ཞིང་བརྡེག་དགོས་པའོ། །བྱེ་བྲག་སྙིང་ལ་གསང་ས་བཅུ་གཅིག་སྟེ། །ནུ་སྟེང་མཚོན་གང་བཅལ་བ་སྙིང་གི་སྟོད། །སྙིང་སྲོག་འཛོམ་པའི་གསང་སྟེ་སྙིང་རླུང་སེལ། །ནུ་རྒྱབ་མཚོན་གང་སྲོག་རྩ་མྱོས་བྱེད་གསང༌། །སྲོག་རྩར་རླུང་དང་ཆུ་སེར་ཞུགས་ལ་ཕན། །ཐུར་དུ་མཚོན་གང་སྙིང་རྩེ་སྙིང་ཆུ་གཙག །བྲང་ངོས་མཚོན་གང་བཅལ་བ་སྙིང་གི་ལོགས། །ཆུ་སེར་བད་རླུང་རླངས་པ་འཁྱིམས་པའི་གསང༌།།དེ་ནས་དཀར་ནག་མཚམས་སུ་མཚོན་གང་བཅལ། །གློ་སྙིང་འདོམ་པའི་གསང་སྟེ་གྲང་རླུང་སེལ། །ཚིགས་པ་བདུན་པ་ཁ་གསུམ་དེ་དང་འདྲ། །སྲོག་རྩའི་གསང་ས་དྲུག་པ་ཁ་གསུམ་སྟེ། །གཡོན་ངོས་བྱ་འདབ་བར་དུ་ནང་བཏོལ་བྱ། །བྱ་རོག་མིག་ནས་ཕྱིར་མཚོན་གང་བཅལ་བའི། །རྩིབ་བར་གོང་འོག་གོ་ཆེན་གོ་ཆུང་གསང༌། །སྐེ་སྟོང་ཙ་ར་ཁུང་དང་རྣམ་པ་ལྔ། །གློ་སྙིང་མཆིན་གསང་སྟོད་དུ་རླངས་པ་འཁྱིམས། །སྙིང་འཆུས་སྟོད་ཁེངས་དབུགས་བརྩེག་ནད་ལ་དབྱེ། །གློ་ལ་གསང་ས་ཉི་ཤུ་རྩ་གཉིས་ཏེ། །སོག་འདབ་རྩིབ་མའི་གོ་བར་རྣམ་པ་གསུམ། །གློ་ཡི་སྒང་ལ་སྐྲན་ཞུགས་གསང་དྲུག་ཡིན། །མཆན་འོག་རྩིབ་མའི་གོ་བར་རྣམ་པ་གསུམ། །གློ་བ་བྱ་འདབ་སྐྲན་ཞུགས་གསང་དྲུག་ཡིན། །བྲང་གི་རྩིབ་མའི་གོ་བར་གཡས་གཡོན་བཞི། །གློ་བ་བུ་ལ་སྐྲན་ཞུགས་གསང་བརྒྱད་ཡིན། །གློ་ཡི་རྒྱབ་གསང་ཚིགས་པ་བཞི་ལྔ་གཉིས། །ཁ་གསུམ་རླུང་དང་བད་ཀན་ནད་ཞུགས་གསང༌། །ཚིགས་པ་བརྒྱད་པ་མཆིན་དྲིའི་གསང་ས་སྟེ། །ཆུ་སྐྱུག་ཕོ་མཆིན་བྲང་ལ་ཐུར་མ་འཕང༌། །མཆིན་མཆེར་གཉིས་ལ་གསང་ས་བརྒྱད་ཡོད་དེ། །ནུ་མ་ཐུར་མཚོན་དོ་བཅལ་མཆིན་དྲིའི་མཚམས། །དེ་འོག་རྩིབ་མའི་གོ་བར་རྣམ་པ་གསུམ། །གཡས་ཀྱི་དང་པོ་ཕོ་མཆིན་བར་གྱི་སྐྲན། །བར་པ་མཆིན་ཐེར་ཐ་མ་མཆིན་གཤམ་སྐྲན། །གཡོན་ངོས་མཆེར་སྐྲན་དེ་བཞིན་ཤེས་པར་བྱ། །རྒྱབ་ཀྱི་ཚིགས་པ་དགུ་དང་བཅུ་གཅིག་པ། །ཁ་གསུམ་རླུང་དང་བད་ཀན་གྲང་བའི་གསང༌། །མཁལ་མའི་གསང་ས་ཉི་ཤུ་རྩ་གཅིག་སྟེ། །ཚིགས་པ་བཅུ་བཞི་པ་དང་གཡས་གཡོན་དུ། །མཚོན་གང་བཅལ་བ་མཁལ་མའི་རྩ་ནག་སྟེ། །དེ་ནས་མཚོན་གང་བཅལ་བ་མཁལ་འབྲས་གསང༌། །དེ་ནས་མཚོན་གང་བཅལ་བ་མཁལ་ཚིལ་གསང༌། །གཞུག་གུ་ཆུང་ནས་སྣག་པོ་ཆེ་ཡི་སྟེང༌། །མཛུབ་གང་བཅལ་བ་དཔྱི་ཡི་འཁོར་མིག་ཡིན། །མཁལ་འབྲས་སྟེང་ནས་བཅལ་བས་སོར་བཅུ་དྲུག །དེ་ནས་ཕྱོགས་བཞིར་མཚོན་རེ་དབུས་དང་ལྔ། །བྱིན་བརླའི་ཕྱི་སུལ་ཆུ་སེར་འབབ་གསང་ཡིན། །དེ་རྣམས་ཀུན་གྱིས་མཁལ་མའི་གྲང་རླུང་སེལ། །མཁལ་ཚིལ་མཁལ་འབྲས་སྟེང་དུ་མཁལ་སྐྲན་འབབ། །གསང་དང་ནད་དམིགས་མཐུན་ན་ཐུར་མ་འཕང༌། །ཕོ་བ་མི་འགྱུར་གསང་དགུ་ཅུར་འབྱིན་གཉིས། །ཚིགས་པ་བཅུ་གཉིས་པ་དང་གསང་བཅུ་གཉིས། །ལྷེན་སྣའི་སྣ་ནས་ཐུར་དུ་མཚོན་གང་བཅལ། །གཡས་གཡོན་མཚོན་གང་ཁ་གསུམ་ལྷེན་གསང་ཡིན། །དེ་འོག་མཚོན་གང་ཁ་གསུམ་སྐྲན་གསང་ཡིན། །དེ་འོག་མཚོན་གང་ཁ་གསུམ་མེ་ཉམས་གསང༌། །ཕོ་དབུས་གཡས་གཡོན་མཚོན་དོ་ཅུར་འབྱིན་ནས། །མཆིན་རྒྱས་ཕོ་བའི་ཡུལ་ཕྱོགས་ཐུར་མ་སྤང༌། །སྐྲན་དང་ནོར་ཕྱིར་ལག་ཚོད་རན་པར་བྱ། །ཚིགས་པ་བཅུ་གསུམ་བཅོ་ལྔ་བུ་སྣོད་གསང༌། །སྐྲན་ཞུགས་གྲང་བས་བུ་མི་ཆགས་ལ་ཕན། །ལྟེ་བའི་གཡས་གཡོན་མཚོན་གང་ལོང་གི་ཐེར། །ལོང་དུ་བད་རླུང་གྲང་བ་ཞུགས་ལ་ཕན། །དེ་ནས་གཡས་གཡོན་མཚོན་རེ་ལོང་སྐྲན་གསང༌། །ཚིགས་པ་བཅུ་དྲུག་པ་དང་གསང་ས་ལྔ། །ལྟེ་འོག་མཚོན་གང་ཁ་གསུམ་རྒྱུ་སྟོད་གསང༌། །དེ་འོག་མཚོན་གང་ཁ་གསུམ་རྒྱུ་སྨད་གསང༌། །ཚིགས་པ་བཅུ་བདུན་པ་དང་བདུན་དུ་བཤད། །རྒྱུ་ཞབས་ཐེར་དུ་དཔྱི་ཡི་ཁ་གཟར་ནས། །ཆག་གང་བཅལ་བ་སྨད་ཀྱི་དབྱེ་གསང་སྟེ། །དེ་དང་ཚིགས་པ་བཅོ་བརྒྱད་འབྲས་བུ་སྐྲངས། །གྲང་བས་ཆུ་ཁ་སྲ་སྙི་སེལ་བར་བྱེད། །ཡན་ལག་ཚིགས་ཆེན་བཅུ་གཉིས་ཆུ་སེར་རྒྱས། །ཚིགས་མིག་ཆུ་བའི་བར་ན་གསང་དམིགས་ཡོད། །རུས་ལ་གཏུག་དང་ཅུར་འབྱིན་གང་འོས་དཔྱད། །ཐུར་མའི་དབྱེ་བ་ཚ་ཐུར་གྲང་ཐུར་གཉིས། །ཚ་ཐུར་གསུམ་སྟེ་ཚ་ཐུར་རྐྱང་པ་དང༌། །ཚ་ཐུར་གྱི་ནི་གྲང་ཐུར་ཚ་ཐུར་སྦྲག །དང་པོ་ཐུར་མ་བསྲེགས་ནས་རྡེག་པ་སྟེ། །འབྲས་དང་ལྷོག་པ་ལྦ་བ་རྣག་ལ་བྱ། །གཉིས་པ་མེ་བཏབ་རྗེས་ལ་ཐུར་རྐྱང་བརྡེག །ཐེ་ཚོམ་བཅས་པའི་རྣག་གསང་འབྱེད་ལ་སྦྱར། །གསུམ་པ་ཐུར་བསྲེགས་སྟེང་དུ་མེ་འདེབས་པ། །འབྲས་དང་ལྷོག་པ་རྨ་རྒན་སྐྲན་ལ་བྱ། །གྲང་ཐུར་གསུམ་སྟེ་གྲང་ཐུར་རྐྱང་པ་དང༌། །གྲང་ཐུར་གྱི་ནི་ཚ་ཐུར་གྲང་ཐུར་སྦྲག །དང་པོ་ཐུར་མ་རྐྱང་པར་བརྡེག་པ་སྟེ། །དམུ་ཆུ་དབུག་དང་མིག་འགྲིབ་རྣག་གསང་དབྱེ། །གཉིས་པ་ཐུར་ཤུལ་མེ་ཡིས་གདབ་པ་སྟེ། །རྣག་ཁ་འཁྱིམས་དང་ཚིགས་ཆུ་ཕུག་ལ་སྦྱར། །གསུམ་པ་ཐུར་མ་གྲང་མོར་བཏབ་རྗེས་ལ། །འཁྱག་པ་རྡོ་གྲང་ཆུ་ཡིས་བྲན་པ་སྟེ། །ཤ་བེམ་ཚ་སྐྲངས་མགོ་ཡི་ཆུ་བཙག་དང༌། །ཚ་སྐྲན་ཚ་རོ་རྙིང་པ་ཡོད་ལ་བསྔགས། །ཕལ་ཆེར་སྤྲ་བ་གཅིག་བཏབ་ཐུར་མ་འཕང༌། །དེ་ཤུལ་མེ་ཡིས་བསྲེག་པ་ཤིས་པ་ཡིན། །ལུས་ཀྱི་ཆོ་ག་ཁད་མཉམ་སྟན་སྟེང་དུ། །སྐྱིལ་ཀྲུང་བཅས་ལ་ལག་གཉིས་པུས་མོར་གླན། །གཅུ་མེད་དྲང་པོར་འདུག་ལ་གཡོག་གིས་བསྟེན། །དེ་ལ་མདུན་རྒྱབ་ཐུར་མ་འཕང་བར་བྱ། །ཕོ་ཐུར་ཟོས་རྗེས་རྒྱབ་ནས་པུས་མོས་བརྟེན། །ཁྱི་ཚུགས་མགྲིན་བཀུག་སྐེ་སྟོང་ཐུར་མ་འཕང༌། །ལག་རྒྱངས་ཀ་བ་ལ་བསྟེན་སྨྱོ་ཐུར་འཕང༌། །དྲང་པོར་ལངས་ལ་དཔྱི་མིག་ཐུར་མ་འཕང༌། །རྐང་པ་བརྐྱང་ལ་པུས་མོའི་དྲུག་བསྐོར་འཕང༌། །དེ་བཞིན་གསང་གསལ་ནད་ཕྲད་བརྡེག་ཚུལ་རྣམས། །གང་ལ་གང་བདེ་ཤེས་རབ་རིགས་ལ་དྲིས། །བརྡེག་པའི་ཐབས་ལ་སྤྱི་དང་བྱེ་བྲག་གཉིས། །སྤྱིར་ནི་གཡས་པས་ཕུན་གང་མཚམས་ནས་བཟུང༌། །གཡོན་པའི་གུང་མོས་གསང་དམིགས་གསལ་མཚོན་ཏེ། །དེ་རྗེས་ཐུར་རྐེད་ནས་བཟུང་དྲང་པོར་དབུལ། །ལྤགས་ཕིགས་ཕུན་རེ་སྣུད་ཀྱིན་དལ་བུ་ཡིས། །ཤ་རུས་ནང་རྡོལ་དོན་གྱི་ལག་ཚོད་མྱང༌། །ཡིད་དང་མཐེབ་ཚོད་ཕྱི་རྟགས་བསྟུན་ལ་འཕང༌། །ལག་ཚོད་ཐུར་འཛིན་འུག་པ་ཐུག་ཕྲད་ཡིན། །ཕོ་རོག་གཅེར་མཐོང་ཐུར་ཚོད་བརྟགས་ལ་བཟུང༌། །ཡང་ན་དང་པོ་ལྤགས་ལ་ཀོ་འཐེན་བྱ། །བྱེ་བྲག་གཡུལ་ཐབས་འཕྲེད་གཅུས་སྟ་སྒབ་དང༌། །ཐོད་སྐོར་རྒྱ་གྲམ་ཅུར་འབྱིན་རྣམ་པ་དྲུག །བུ་སྐོར་མ་ལ་མི་གནོད་པ་དང་བདུན། །མ་སྐོར་བུ་ལ་མི་གནོད་པ་དང་བརྒྱད། །དང་པོ་ཐུར་མ་དྲང་ཐད་འཕང་བ་སྟེ། །མགོ་དང་སྒལ་ཚིགས་རྒྱུ་སྨད་གསང་ལ་བྱ། །གཉིས་པ་ཐུར་རྩེ་གཡས་གཡོན་གཅུ་བ་སྟེ། །མཆིན་མཆེར་མཁལ་མ་ལ་སོགས་ཕལ་ལ་ཤིས། །གསུམ་པ་ཐུར་རྩེ་ཐུར་བསྟན་འཕང་བ་སྟེ། །སྐེ་སྟོང་གློ་སྙིང་ལྷེན་གསང་གསུམ་ལ་སྦྱར། །བཞི་པ་ཐུར་རྩེ་གྱེན་ལ་བསྟན་པ་སྟེ། །མེ་ཉམས་གསང་དང་མཛོད་ཆུང་རྣག་འཚོལ་སྦྱར། །ལྔ་པ་ཐུར་རྩེ་ཕྱོགས་མཚམས་བསྐོར་བ་སྟེ། །ཕོ་དབུས་སྐྲན་དང་རྣག་འཚོལ་བ་ལ་སྦྱར། །དྲུག་པ་ཐུར་མ་ཅུར་འབྱིན་འཕང་བ་སྟེ། །ཕོ་ཐེར་མཛོ་མིག་བརླ་ཡི་འོག་ཏུ་ཤིས། །བདུན་པ་བྱང་ཁོག་ཐུར་མ་འཕེན་པ་རྣམས། །དོན་དང་སྣོད་ལ་གནོད་མེད་འཕང་ལ་བཤད། །བརྒྱད་པ་གནད་དུ་ཞུགས་པའི་ནད་ལ་འཕང༌། །དེ་ཡང་མིག་དང་སྙིང་ཆུ་མཆིན་སྐྲན་དང༌། །མཁལ་སྐྲན་སྐྱི་ཕུར་རྣག་ལ་སྦྱར་བར་བྱ། །ཐུར་མའི་ལག་ཚོད་སྤྱི་དང་བྱེ་བྲག་གཉིས། །སྤྱི་ཡི་ལག་ཚོད་ལྤགས་ལ་སྲ་བ་སྟེ། །ཤ་ལ་སྙི་སྟེ་བྱོལ་གྱིས་འགྲོ་བ་ཡིན། །རུས་ལ་ཐུག་ན་སྟུགས་ཀྱིས་བརྡུགས་པར་འགྱུར། །དེ་ལ་རྩིབ་མའི་གོ་བར་བཙལ་ཏེ་དབུལ། །ནང་དུ་རྡོལ་ནས་ཐུར་རྩེ་བྱོལ་གྱིས་འགྲོ། །ཡིད་ལ་ཐུར་མ་རྟེན་གྱིས་བརྡུགས་སྙམ་བྱེད། །ནད་པ་བཞིན་ལྡོག་སྐད་ངན་འཆོར་བ་གསུམ། །ཐུར་མ་ཚད་དུ་སླེབ་པའི་མན་ངག་ཡིན། །མི་བརྡུགས་ཕྱོལ་ཕྱོལ་འགྲོ་ན་བཏང་བས་ཆོག །དོག་ཅིང་འཐེན་ཡང་སྲན་བཟོད་ཟོ་བླངས་བཏང༌། །སྲན་མི་བཟོད་ན་དེ་ལས་དབུལ་ཐབས་མེད། །བྱེ་བྲག་དོན་ལ་ཉེ་ན་ཤེས་པ་འཁྲུག །ལུས་འདར་མིག་བཟློག་ཐུར་མ་འཕར་བ་ཡིན། །གཞན་རྣམས་དེས་ཆོག་སྙིང་ཆུ་བཙག་པ་ལ། །ཐུར་རྩེ་འཕུལ་སྙམ་བྱེད་ན་སྙིང་ལྤགས་སླེབ། །ཆུ་ལྕག་དབུགས་བསྡམ་སོར་གཅིག་སྣུད་ལ་དབུལ། །སྲོག་རྩ་ཐུར་མའི་ལོགས་ལས་འཕར་བ་སྟེ། །གློ་ལ་སྣ་ཕུག་ཧར་ཞིང་གློ་ཆུང་འོང༌། །མཆིན་མཆེར་སྐྱུག་མེར་བྱེད་ལ་ཁ་ཆུ་ལྡུགས། །མཁལ་མ་ན་ཞིང་མཁལ་རྩ་འབྲལ་སྙམ་བྱེད། །དོན་རྣམས་ཚུར་སྙེག་བྱ་ཚང་སྦྲུལ་ཞུགས་འདྲ། །མཆིན་མཆེར་མཁལ་མ་གསུམ་ལ་འབྲོས་སྙེག་མེད། །སྣོད་རྣམས་ཕར་འབྲོས་ཡོལ་བ་རླུང་དེད་འདྲ། །དལ་བུས་འཕུལ་བས་རིམ་གྱིས་འབྲོས་པར་འགྱུར། །མགྱོགས་ན་འབྲོས་ལོང་མེད་པར་སྣོད་ལ་འཇུག །ཕོ་བ་ཕྱི་ཡི་དར་ཤ་ཕུགས་པ་དང༌། །ཕོ་བའི་བར་ན་སྟོང་པ་སོར་གཅིག་ཡོད། །དེ་ནས་ཕོ་བའི་རྩར་སླེབ་ཡིད་ཙམ་སྲ། །སྐབས་འདིར་མཆིན་པའི་ཇ་ལོག་འབྱུང་བ་ཡིན། །ནང་རྡོལ་ནས་ནི་ཡངས་པར་ཕྱོལ་གྱིས་འགྲོ། །རྒྱུ་ལོང་པགས་པ་ཕིགས་ནས་བྱིལ་བྱིལ་འགྲོ། །སླེབ་ན་སྐྱུག་ལོག་ན་འགྱུར་ཚ་འབྲབ་བྱེད། །སྐྲན་དང་ཕྲད་ན་རེག་པ་སྲ་བ་ལ། །ཐད་ཀར་གཟེར་ཞིང་ཨ་ན་ཟེར་བ་འབྱུང༌། །གསར་དུས་མཐའ་བསྐོར་རྙིངས་ནས་རྨ་མང་གདོད། །རྣག་དང་དམུ་ཆུ་རླངས་འཁྱིམས་དངོས་སུ་གསལ། །མགོ་དང་ཡན་ལག་ཚིགས་མིག་རུས་ལ་ཐུག །བཤུལ་ཤའི་ཐུར་མ་ཚད་དང་ལག་ཚོད་བསྟུན། །ཆག་གང་ནང་རྡོལ་འཕར་ནས་དབུལ་ཐབས་མེད། །ཡན་ལག་ཅུར་འབྱིན་ཚིགས་པར་བཀྲུལ་ལ་གདོན། །འཆི་བའི་རྟགས་ལ་ནད་གཞི་སླེབ་པ་དང༌། །གནད་ལ་ཉེ་དང་ཐོར་བུའི་རླུང་སྐྱེས་གསུམ། །དང་པོ་གཉིས་ཀ་ལག་ཚོད་སྐབས་སུ་བསྟན། །ཁྱད་པར་རྩ་གནད་སྦྲེང་དང་རབ་ཀྱིས་འོང༌། །དེ་ཡང་ནད་པ་ཉིད་ལ་དྲིས་པས་གསལ། །རླུང་སྐྱེས་གཡལ་དང་དངངས་འདར་སྐྱུག་པར་བྱེད། །ལོག་པ་ཚ་ལོག་གྲང་ལོག་རྣམ་པ་གཉིས། །ཚ་ལོག་ཞག་གསུམ་གཉིས་ལ་འབྱུང་བ་སྟེ། །ཚ་གྲང་འཁྲུལ་ལམ་སྐྲན་ནད་ཚ་བར་ལོག །གྲང་ལོག་དཔྱད་བྱས་རྗེས་ལ་འབྱུང་བ་སྟེ། །ཐོར་བུའི་རླུང་སྐྱེས་གསུར་དང་བྱུག་པ་དང༌། །བུར་ཆང་རུས་ཁུ་བཅུད་བསྟེན་རླུང་གསང་མནན། །ཐུར་ཤུལ་ཁྲག་བབས་འཁྱགས་ཏེ་དུགས་ཀྱིས་བསྲོ། །ཆུ་སྐྲན་རྡོལ་བས་སྣོད་འགྲིམས་བྱེར་སྐྲངས་ན། །དེ་ལ་དྲོད་སྨན་སྦྱོངས་དང་སྐེམས་ཀྱིས་བཅོས། །དེ་རྟགས་བཅོས་ཐབས་རང་རང་སྐབས་ལྟར་བྱ། །ཕལ་ཆེར་བསིལ་དུགས་སྦྱར་བ་མཆོག་ཏུ་བསྔགས། །དོན་སྣོད་གནད་ལ་ཟིན་ན་རྨ་བཞིན་བཅོས། །ཐུར་མའི་ཕན་ཡོན་རླུང་ཁ་གནོན་པ་དང༌། །གྲང་བའི་དྲོད་སྐྱེད་སྐྲན་བཤིག་མ་ཞུ་འཇུ། །རླངས་པ་འཁྱིམས་པ་གསེང་ཞིང་ཤ་བེམ་གསེང༌། །རྣག་ཁྲག་ཆུ་སེར་དམུ་ཆུ་ཕྱིར་ལ་འབྱིན། །དེ་དག་ཐུར་མ་བྱས་པའི་ཕན་ཡོན་ཡིན། །དང་པོ་ཐུར་མའི་རུང་ཡུལ་མ་ཤེས་ན། །དཔྱད་ཀྱི་ལ་འདའ་མི་ཤེས་ཁྱད་མི་ཐོན། །གཉིས་པ་མི་རུང་སྤང་ཡུལ་མ་ཤེས་ན། །ཐུར་ལོག་བྱུང་ན་རང་སྐྱེངས་འཕྱར་ཁ་འོང༌། །གསུམ་པ་ཐུར་མའི་དབྱིབས་ཚད་མ་ལྡན་ན། །ལག་ཚོད་མི་སྐྱེ་དམན་ཐལ་སྐྱོན་གྱིས་ཕོག །བཞི་པ་ཐུར་མའི་གསང་ས་མ་ཤེས་ན། །ལམ་འགགས་ནད་དང་དཔྱད་དུ་ཕྲད་མི་བྱེད། །ལྔ་པ་ཐུར་མའི་དབྱེ་བ་མ་ཤེས་ན། ནད་དང་དཔྱད་དུ་འཛོལ་ཞིང་ཐུར་ལོག་འོང༌། །དྲུག་པ་ཐུར་མའི་ཆོ་ག་མ་ཤེས་ན། །ཐུར་ལམ་འགགས་ནས་གནད་སྙེག་གནས་མི་སྐྱོལ། །བདུན་པ་ཐུར་མའི་བརྡེག་ཐབས་མ་ཤེས་ན། ནད་དང་མི་ཕྲད་གནད་ལས་འབྱོལ་མི་ནུས། །བརྒྱད་པ་ཐུར་མའི་ལག་ཚོད་མ་ཟིན་ན། །ཁ་ཐལ་སྨན་པའི་ལག་དགྲས་ཕུང་བར་འགྱུར། །དགུ་པ་ཐུར་མའི་འཆི་རྟགས་མ་ཤེས་ན། །གསོ་ཤིའི་བྱ་ར་མེད་པས་ཚད་མི་སྐྱོལ། །བཅུ་པ་ཐུར་མའི་ལོག་གནོན་མ་ཤེས་ན། །གསོ་དཔྱད་ནད་པའི་སྲོག་གི་བསྐུལ་མར་འགྱུར། །བཅུ་གཅིག་ཐུར་མའི་ཕན་ཡོན་མ་ཤེས་ན། །དཔྱད་མཆོག་ཐུར་མའི་གདེངས་མེད་སྤྱོད་མི་ནུས། །དེ་བཟློག་དེ་ཡི་ཡོན་ཏན་ཡིན་པར་བཤད། །ཅེས་གསུངས་སོ། །བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ལས་དཔྱད་ཀྱི་ལོག་གནོན་ཐུར་མའི་ལེའུ་སྟེ་ཉི་ཤུ་རྩ་ལྔ་པའོ།། །།
གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།