0971-8201019
མ་ཤོག > ལྷ་རྗེ་ངོ་སྤྲོད། > མཚོ་སྔོན། >

 

 

རྒྱ་ཡེ་བློ་བཟང་ཉི་མ།

ཡོང་ཁུངས།   སྨན་པ་གྲགས་ཅན་གྲངས་མཛོད།   |   ཀློག་གྲངས།     



སྨན་རམས་པ་རྒྱ་ཡེ་བློ་བཟང་ཉི་མ་མཆོག་ནི་བོད་རབ་བྱུང་བཅུ་དྲུག་པའི་ས་ཕོ་སྤྲེལ་སྟེ་སྤྱི་ལོ་༡༩༣༢ལོའི་ཟླ་༡༢བའི་ཚེས་༡༤ཉིན་མདོ་སྨད་ཁྲི་ཤོར་རྒྱལ་མོའི་ལྷོ་རྒྱུད་ཀྱི་རིག་སྨོན་ཡུལ་ཚོ་རྒྱ་ཡེ་རུ་ཆེན་དུ་ཡབ་དཔལ་ཆེན་སྐྱབས་དང་ཡུམ་ནར་མ་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས། དགུང་ལོ་དགུའི་སྟེང་སྐྱབས་རྗེ་ཨ་རོལ་རྡོ་རྗེ་འཆང་བློ་བཟང་ལུང་རྟོགས་རྒྱ་མཚོའི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་མནོས་ཏེ་མཚན་ལ་བློ་བཟང་ཉི་མ་ཞེས་གསོལ།དེ་ནས་འཁྱམས་རུ་དགོན་བཀྲ་ཤིས་དགེ་འཕེལ་གླིང་དུ་རྒྱུན་བཞུགས་མཛད་ཅིང་སྦས་པའི་རྣལ་འབྱོར་ཆེན་མོ་ཐེབ་རྒྱའི་ཐུབ་བསྟན་ཀློག་གི་སློབ་དཔོན་དུ་བཀུར་ཏེ་ཀ་མད་སྦྱོར་ཀློག་ནས་དགོན་པའི་འདོན་རྟ་དབྱངས་གསུམ་དང་བཅས་པ་ཐུགས་སུ་ཆུད། དགུང་ལོ་བཅུའི་སྟེང་རྗེ་ཨ་རོལ་བློ་བཟང་ལུང་རྟོགས་རྒྱ་མཚོའི་མདུན་ནས་རྩ་བ་ཐུགས་རྒྱུད་ཀྱི་ལུང་ཐོག་མར་གསན་པ་དང་། རྗེ་དེ་ཉིད་ཀྱི་ཞལ་སྔ་ནས།ཁྱེད་ཀྱིས་གསོ་རིག་ཕྱོགས་ལ་སྦྱངས་བརྩོན་བྱོས་དང་མ་འོངས་པར་འགྲོ་བ་མང་བོར་ཕན་ཐོགས་པ་ཞིག་འབྱུང་ངེས་ཡིན། ཞེས་གསུང་གི་བྱིན་གྱིས་བརླབས། དགུང་ལོ་བཅུ་བདུན་སྟེང་སྨན་པ་མཁས་ཅན་ཨ་ལགས་རྒྱ་ཡེ་ཚང་གི་སྨན་གྱི་ཆ་བྱད་དང་སྨན་དཔེ། སྨན་སོགས་ཕྱག་ཏུ་འབྱོར་བ་བཅས་ཀྱིས་རིག་པ་གང་དེ་ལ་འཇུག་འདོད་ཀྱི་ཐུགས་རྒྱུད་རྨང་ནས་བསྐུལ་ཏེ། སྨྱོ་སྐོར་སྨན་རྒན་མཆོག་གྲུབ་ཀྱི་དྲུང་ནས་གསོ་རིག་ཡིག་ཆ་ཁ་ཤས་ཞལ་ཁྲིད་ཞུས་ཤིང་། དགོས་ངེས་རྩ་ཆེའི་རིགས་གང་མང་ཐུགས་འཛིན་དང་ཟིན་བྲིས་སུ་བཏབ། དགུང་ལོ་ཉེར་ལྔའི་སྟེང་ཆོས་མཚམས་དམ་པར་བཞུགས་ཏེ་འཇིགས་བྱེད་བསྙེན་སྒྲུབ་ཚད་འཁྱོལ་མཛད། དགུང་ལོ་ཉེར་བདུན་སྟེང་དགོན་པར་བསྒྱུར་བཀོད་བྱས་པས་རང་ཡུལ་རྒྱ་ཡེ་རུ་མི་ལོག་ཐབས་མེད་བྱུང་། དེ་ནས་ཡུན་རིང་མ་འགོར་བར་རྙིང་ཞེན་ཐལ་དྲགས་ཀྱི་ཉེས་མིང་བཏགས་ཏེ། རྟ་ནག་མ་ཞེས་པའི་ས་ཆར་ལྕགས་ཀྱི་གཏེར་ཁ་བསྔོག་ཏུ་མངགས་པས་ལུས་སེམས་ཀྱི་སྡུག་བསྔལ་མང་བོ་ མྱངས།ཡིན་ནའང་། ཇི་སྐད་དུ། ཡོན་ཏན་ལྡན་པ་གང་དུའང་བྲིན།། ཞེས་པ་ནི་དངོས་གནས་ཏེ། ཉིན་ཞིག་མགོ་ཁྲིད་རྒྱ་མོ་ཞིག་ཡོད་པ་ལ་གླང་ཐབས་ཀྱི་ནད་དྲག་པོ་ཞིག་བྱུང་སྟེ། ཕྱི་ལུགས་གསོ་རིག་གིས་གང་ལྟར་བྱས་ཀྱང་ཕན་སྐྱེད་མ་བྱུང་བས། ཐབས་ཟད་འུ་ཐུག་གིས་ཁོང་ལ་ཐབས་ཨེ་ཡོད་དྲིས་པར། ཡོད་ཀྱང་བོད་སྨན་ལག་ལེན་ཡིན་ཞེས་བརྗོད་པ་ན། ཕན་ཐུབ་ན་གང་ཡིན་ཀྱང་ཆོག་ཟེར་བ་ལྟར་སྨན་ཐུན་འགའ་བསྡེབས་ནས་བླུད་པ་དང་ན་ཟུག་མྱུར་དུ་ཞི་སོང་བས། དེ་ནས་བཟུང་ལུས་ཤུགས་ངལ་རྩོལ་བྱེད་མ་དགོས་པར་དེ་གའི་ནད་པ་ལ་སྨན་བཅོས་བྱས་ནས་བསྡད་ཆོག་པར་བྱས། ཁོང་གི་ཞལ་ནས། ང་རང་གི་བོད་སྨན་ཕྱག་ལེན་གྱི་རྒྱུན་འདི་ལ་དཀོན་མཆོག་གི་བདེན་སྟོབས་དང་རང་གི་དད་པའི་དབང་གིས།རིག་གསར་གྱི་རླུང་རླབས་དྲག་པོའི་ཁྲོད་དུའང་ཉམས་ཉེས་དང་བར་ཆད་གང་ཡང་བྱུང་མ་མྱོང་ཞེས་གསུངས་པ་ཇི་བཞིན་ནོ།། རིག་གསར་གྱི་ཐལ་རྡུལ་རིམ་ གྱིས་འཇགས་པ་དང་ཆུ་མོ་ཡོས་ཏེ་སྤྱི་ལོ༡༩༦༣ལོར་དྷི་ཚ་དགོན་གྱི་རྗེ་ཚུལ་ཁྲིམས་རྒྱ་མཚོ་རང་ཁྱིམ་དུ་གདན་འདྲེན་ཞུས་ནས་དགོངས་པ་རྫོགས་པའི་བར་ཏེ་བགྲང་བྱ་བཅོ་བརྒྱད་ཀྱི་རིང་ཙམ་ལ་ཞབས་པད་སྤྱི་བོར་བླངས་ཤིང་། རྒྱུད་ལས། བསྟེན་ཐབས་དོགས་པ་མེད་པར་བློ་གཏད་ལ།།མངོན་ལྐོག་མེད་པར་བྱ་བ་བསྒྲུབ་པར་བྱ།། ལུས་ངག་ཡིད་གསུམ་དེ་ཡི་ཡུལ་དང་བསྟུན།། ཞེས་གསུངས་པ་ཇི་བཞིན་བསྟེན་ནས།རིག་གནས་སྤྱི་དང་ཁྱད་པར་གསོ་བ་རིག་པ་ལ་གསན་སྦྱངས་ཐུན་མོང་མ་ཡིན་པར་མཛད།ལྷག་པར་དུ་རྒྱུད་ཆུང་གསུམ་གྱི་ཁྲིད་ལུང་ཞུས་ཤིང་། དེའུ་དམར་ཤེལ་གོང་ཤེལ་ཕྲེང་ཁྲིད་དུས་སུ་གཞུང་དང་ལག་ལེན་ངོ་སྤྲད་དེ་ལ་ལུང་ཀུན་ཏུ་ཉུལ་ནས་སྨན་ངོ་ངོས་འཛིན་སོགས་ཀྱི་གདམས་པ་དམར་ཁྲིད་དུ་གནང་། དེའི་ཕྱི་ལོར་གུང་ཧོ་རྫོང་ཡོངས་ཀྱི་བོད་སྨན་འཛིན་གྲྭ་ཞིག་རྒྱ་ཡེ་རུ་བསྡུས་ཏེ་རྗེ་ཚུལ་ཁྲིམས་རྒྱ་མཚོ་ཚང་དང་ཁོང་རྣམ་གཉིས་དགེ་ རྒན་དུ་བསྐོས་པས། སློབ་གཞིའི་དཔེ་དེབ་ཆ་ཚང་མེད་པའི་དཀའ་ངལ་བསལ་ཐབས་སུ་གོང་རིམ་ལ་རེ་ཞུ་ཡིས་ཆོག་མཆན་ཐོབ་པ་བྱས་ཏེ། སྐུ་འབུམ་བྱམས་པ་གླིང་ལ་ཆེད་ཕེབས་ཀྱིས་རྒྱ་ཡག་རིན་པོ་ཆེ་དང་བགྲོས་ཏེ་དཔེ་མཛོད་ཁང་ཆེན་མོའི་སྒོ་གླེགས་ཐོག་མར་ཕྱེས་ཤིང་། གསོ་རིག་རྒྱུད་བཞི་ལག་སོན་བྱུང་དུས་མ་བུ་སླར་འཕྲད་ལྟ་བུའི་སྤྲོ་བ་ཟད་མི་ཤེས་པ་བྱུང་བར་གསུངས། དེ་ཡང་རྟགས་འཇུག་ལས། རྒྱལ་སྲས་རྣམས་ཀྱིས་མི་སློབ་པའི།། དངོས་དེ་གང་ཡང་ཡོད་མ་ཡིན།། དེ་ལྟར་གནས་པའི་མཁས་པ་ལ།། བསོད་ནམས་མི་འགྱུར་གང་ཡང་མེད།། ཅེས་གསུངས་པ་བཞིན། དགུང་ལོ་སོ་ལྔ་བར་དེང་རབས་གསོ་རིག་ལ་སྦྱངས་འདོད་ཀྱིས་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དུ་ཕྱིན་ཏེ་ལུས་ཀྱི་གནས་ལུགས་སྐོར་དང་།བརྟག་ཐབས་རིག་པ། གཤག་ལས་དཔྱད་ཐབས་རིག་པ། ཀྲུང་ལུགས་སྨན་རྫས་ངོས་འཛིན་དང་འདུལ་སྦྱོང་གི་ལག་ལེན་བཅས་ལ་སྦྱངས་བརྩོན་མི་དམན་པ་ མཛད། ཟབ་སྦྱོང་གྲུབ་རྗེས་ཕྱིར་ཕ་ཡུལ་རྒྱ་ཡེ་རུ་ཕེབས་ཏེ་ཕྱོགས་གཅིག་ནས་རྗེ་ཚུལ་ཁྲིམས་རྒྱ་མཚོ་ཚང་ལས་ཟབ་རྒྱས་མན་ངག་གི་བདུད་རྩི་བློ་ཡི་བུམ་པར་བསྐྱིལ་ཞིང་། ཕྱོགས་གཞན་ཞིག་ནས་རྣམ་པ་ཅུང་རྒྱ་ཆེ་བའི་རྒྱ་ཡེ་བོད་སྨན་ཁང་བཙུགས་ཏེ་སྨན་བཅོས་ཕྱག་ལས་བགྱི་བ་རྒྱ་ཆེར་གནངས་ཤིང་། ཕྱོགས་སོ་སོའི་ནད་པ་རྣམས་མི་བཟོད་ཟུག་གཟེར་གྱི་མུན་པའི་ཁྲོད་ནས་བསྐྱབས་པས། རྒྱ་ཡེ་སྨན་པའམ་རྒྱ་ཡེ་ཉི་མ་ནི་ངེས་པ་དོན་གྱི་ཉི་མ་ཉིད་དོ་ཞེས་སྙན་པའི་གྲགས་པ་ཕྱོགས་བཅུར་རྒྱས་པར་གྱུར་པ་ན། ས་ཕོ་རྟ་སྟེ་སྤྱི་ལོ༡༩༧༨ལོར་ཞིང་ཆེན་གྱི་མགོ་ཁྲིད་རིམ་པས་གདན་འདྲེན་ཞུས་པ་ལྟར། མཚོ་སྔོན་ཞིང་ཆེན་གསོ་རིག་ཞིབ་འཇུག་གླིང་དུ་ཕེབས་ནས་དེ་གར་བོད་སྨན་སྒོ་བསྟེན་ཁང་ཞིག་བཙུགས་ཏེ་ཞིང་ཆེན་བོད་སྨན་ཁང་འཛུགས་པར་སྟ་གོན་བྱས། དེ་དུས་ཁོང་དང་ལྷན་དུ་མཁས་མཆོག་ངག་དབང་བསྟན་འཛིན་དང་རྒན་འཇམ་དབྱངས། དབྱིག་གཉེན། སྒ་དཔལ་ ཆེན་དོ་གྲུབ། བ་བཟའ་རྣམ་རྒྱལ་ཕུན་ཚོགས་བཅས་ཀྱང་ཆེད་ཕེབས་བྱུང་། སྐབས་དེར་སྡོད་ཁང་དང་ཡོ་བྱད་ཀྱི་ཆ་རྐྱེན་ཧ་ཅང་ཞན་ནའང་། ཁོང་རྣམ་པ་བློ་ཕམ་དང་ཡིད་ཆད་གཅིག་ཀྱང་མ་བྱུང་བར། བོད་ཀྱི་གསོ་བ་རིག་པའི་ལས་དོན་ཆེན་པོ་ཐུགས་ལ་བརྣགས་ཏེ། དཀའ་སྡུག་ལས་རྣམ་པར་རྒྱལ་བ་དེ་ཁོང་གིས་ང་ཚོར་གསུངས་རྒྱུར། དྲང་མོར་བཤད་ན་དེ་དུས་ང་ཚོར་རྐུབ་སྟེགས་རན་པ་ཞིག་ཀྱང་མེད་པས། ཨ་ཁུ་དཔལ་ཆེན་ཚང་རྒྱུན་དུ་རྡོ་ཡི་སྟེགས་བུ་ཞིག་ལ་སྐུ་བསྙེས་ཏེ། སྨན་བརྡུང་བ་དང་ནད་པ་མང་བོར་གཟིགས་རྟོག་གནང་བ་རེད་ཅེས་སློབ་གསོའི་ཚུལ་དུ་གསུངས། ལྕགས་ཕོ་སྤྲེལ་ཏེ་༡༩༨༠ལོར་གཅན་ཚའི་རྗེ་ཡེ་ཤེས་རྒྱ་མཚོའི་ཞབས་ལ་གཏུགས་ཏེ།གསོ་རིག་གཞུང་ལུགས་དང་ལག་ལེན་གང་ཐད་ཀྱི་དཀའ་གནད་མང་བོ་བཀའ་འདྲི་བྱས་ཏེ། ཐེ་ཚོམ་དང་དོགས་གནས་ཀྱི་རིགས་སེལ་བར་བྱས་ཤིང་། བླ་བྲང་ཨ་ལགས་བླ་ཁོ་རིན་པོ་ཆེ་ལས་བརྒྱུད་པའི་གཡུ་ཐོག་སྨན་དབང་ཆེན་མོ་དང་སྨན་གྱི་ལྷ་མོ་སྤུན་གསུམ་གྱི་རྗེས་གནང་། གཞན་ཡང་ད་འཇུག་ཆེན་མོ་དང་རྒྱལ་སྲས་ལག་ལེན་སོ་བདུན། ཞྭ་དམར་ལམ་རིམ་ཆེན་མོ་སོགས་ཀྱི་ཁྲིད་ལུང་རྒྱས་པར་མནོས། གཞན་ཡང་མཁས་མཆོག་ངག་དབང་བསྟན་འཛིན་གྱི་དྲུང་ནས་སྡེ་སྲིད་མན་ངག་ལྷན་ཐབས་དང་དེའི་ལྡེ་མིག་གཉིས་ཀྱི་ཁྲིད་ལུང་ཞུས་པར་མ་ཟད། སྐར་ནག་རྩིས་ཀྱི་རིག་པའང་ཅུང་ཟད་སྦྱངས། དེ་ལྟར་དམིགས་པ་རྒྱང་ལ་གཏད་པའི་སྐྱེས་མཆོག་ཁོང་གིས་ཞིང་ཆེན་གྱི་མགོ་ཁྲིད་རིམ་པའི་གམ་དུ་བཅར་ཏེ། བོད་ལུགས་གསོ་རིག་གཞུང་ལུགས་ཀྱི་ཁྱད་འཕགས་རང་བཞིན་དང་ལན་ལེན་གྱི་ཐུན་མིན་རང་བཞིན་བཅས་གསལ་བཤད་གང་ལེགས་བྱས་ཤིང་རེ་ཞུ་ཡང་ཡང་བྱས་པས། ཆུ་མོ་ཕག་སྟེ་སྤྱི་ལོ་༡༩༨༣ལོའི་ཟླ༡༠བའི་ཚེས་༢༠ཉིན་མདོ་སྨད་ཙོང་ལ་རིང་མོའི་ཕང་བ་ཡི་གནའ་མཁར་ཟི་ལིང་དུ་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་ཚུགས་པ་ཁྱབ་བསྒྲགས་བྱས་ཤིང་། ཁོང་ཉིད་ཀྱིས་ཡོན་ཀྲང་གཞོན་པའི་འགན་བཞེས། མེ་ཕོ་སྟག་སྟེ་སྤྱི་ལོ༡༩༨༦ལོར་རྗེ་ཤིང་བཟའ་སྐུ་ཕྲེང་ལྔ་བ་སྐལ་བཟང་རྒྱལ་མཚན་གྱི་དྲུང་ནས་ཀོང་སྤྲུལ་ཟིན་ཏིག་གི་ཞིབ་ཁྲིད་གསན་པ་མ་ཟད། སྨན་རྫས་ངོས་འཛིན་ཐད་ཀྱི་ནོར་སོ། འ་ཞ་སྨན་པའི་ལོ་རྒྱུས་ཀྱི་དོགས་གཞི་སྐོར་དང་།མདོ་སྨད་ཀྱི་གསོ་རིག་ལོ་རྒྱུས་སྐོར་བཅས་ལ་འདྲི་རྟོགས་ཡང་ཡང་བགྱིས། མེ་མོ་ཡོས་ཏེ་སྤྱི་ལོ༡༩༨༧ལོར་ངེས་དོན་གྱི་མཁས་པ་ཆེན་པོ་ཁྲོ་རུ་ཚེ་རྣམ་རིན་པོ་ཆེ་མཆོག་མདོ་སྨད་རྨ་ལྷོ་རུ་ཕེབས་ཏེ། བོད་ཀྱི་གསོ་བ་རིག་པའི་ལག་ལེན་ཐུན་མོང་མ་ཡིན་པ་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་འདུལ་སྦྱོང་དམར་ཁྲིད་བྱེད་རྒྱུ་ཡིན་པ་གསན་འཕྲལ།ས་སྐྱ་ལེགས་བཤད་ལས། རྒྱ་མཚོ་ཆུ་ཡིས་མི་ངོམས་ཤིང་།། རྒྱལ་བོའི་བང་མཛོད་ནོར་གྱིས་མིན།། འདོད་ཡོན་སྤྱད་པས་མི་ངོམས་ཏེ།། མཁས་པ་ལེགས་བཤད་ཀྱིས་མི་ངོམས།། ཞེས་པ་ལྟར་དེ་མུར་རྨ་ལྷོ་ཁུལ་དུ་ཕེབས་ཏེ་ཟབ་ཁྲིད་མན་ངག་ལག་ལེན་ཡོངས་རྫོགས་བློ་ལ་ཆུད་པར་བྱས་པ་མ་ཟད། རྗེས་སོར་མདོ་སྨད་དུ་རྒྱ་ཆེར་སྤེལ་དགོས་པའི་གསུང་གླེང་མཛད། ལག་ལེན་གྱི་ཞོར་དུ་དབང་ལུང་ཞུས་ཤིང་བཀའ་འདྲི་མང་བོ་བྱས། དེ་ལྟར་གཞུང་དང་ལག་ལེན་གང་ཅིར་སྦྱངས་པ་མཐར་སོན་བྱུང་ནའང་། དགུང་ལོ་རེ་དྲུག་པར་ལྷ་ལྡན་ཉི་མའི་གྲོང་ཁྱེར་དུ་ཕེབས་ཏེ་མཁས་དབང་ཚུལ་ཁྲིམས་རྒྱལ་མཚན་ལས་ལུང་རྒྱུན་ཁ་ཤས་ཞུས་ཤིང་། གནས་དེ་གའི་ཡུལ་སོ་སོར་ཉུལ་ཏེ་དབུས་དང་ཨ་མདོའི་བར་གྱི་སྨན་རྫས་མི་མཐུན་པའི་གནད་སོགས་ལ་གཞུང་དང་ཞིབ་བསྡུར་གྱིས་བརྡར་ཤ་བཅད་དེ་དོགས་གཞིར་ལུས་པའི་སྨན་རྫས་ཁ་ཤས་གཏན་དུ་ཕབ་པའོ།། མདོར་ན། དམ་པ་འདི་ཉིད་ནི་བྱང་ཆུབ་ཀྱི་སེམས་མཆོག་རིན་པོ་ཆེས་རྒྱུད་གཏམས་ཤིང་། ནད་པའི་དོན་ཁོ་ན་གཉེར་བ་ཉིད་དེ། དགུང་ལོ་བརྒྱད་ཅུར་ཉེ་བའི་སྐབས་འདིར་ཡང་། བགྲང་བྱའི་ཁུར་གྱིས་མ་ནོན་པར་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་དུ་སྐུ་ན་གཞོན་པའི་དུས་ཀྱི་ངང་ཚུལ་བཟུང་ནས། ཞག་སྡོད་ནད་པར་གྲོན་དངུལ་གྱིས་རོགས་སྐྱོར་བྱེད་པ་དང་། སྒོ་བསྟེན་བརྒྱུད་ནས་སྨན་བཅོས་དང་སྨན་སྦྱིན་གཏོང་བའི་ལས་ལ་བྲེལ་བཞིན་ཡོད། གངས་ཅན་སྨན་རྩིས་མཁས་དབང་མཁྱེན་རབ་ནོར་བུ་མཆོག་གིས། གསོ་དཔྱད་མདོ་རྒྱས་ཀུན་ལ་མཁས་པ་དང་།། ལག་ལེན་མན་ངག་གནད་དུ་ཕེབས་གྱུར་ཅིང་།། སྙིང་རྗེ་ཆེན་པོའི་གཞན་དབང་སོང་བ་ཡི།། འཚོ་བྱེད་དམ་པས་ས་འདི་ཡོངས་གང་ཤོག། ཅེས་རྣམ་དཀར་སྨོན་ལམ་བཏབ་པ་བཞིན། དམ་པ་ཁོང་ཉིད་ནི་སྙིང་རྗེ་ཆེན་པོའི་གཞན་དབང་ཁོ་ནར་སོང་ཞིང་། བོད་ཀྱི་གསོ་བ་རིག་པའི་ལས་དོན་གོང་འཕེལ་གྱི་ཆེད་བྲེལ་ཟིང་ཆེ་བའི་ཕྱག་ལས་ཀྱི་ཞོར་དུ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་ཞིབ་འཇུག་རྣམ་གྲངས་ཀྱང་མི་ཉུང་བ་ཞིག་ཁུར་ཏུ་བཞེས་པ་སྟེ། དཔེར་ན། ཀྲུང་གོའི་བོད་སྨན་ཞེས་པ་དང་མཚོ་སྔོན་བོད་སྨན་ཚད་གཞི།མཚོ་སྔོན་བོད་སྨན་སློབ་གྲྭ་ཆེན་མོའི་དངོས་གཞི་སློབ་མའི་ སློབ་དེབ་ལས་ཐོར་ནད་གསོ་བ་དང་། འབྲིང་རིམ་སློབ་མའི་སློབ་དེབ་ཆ་ཚང་། རང་རྒྱལ་སྔ་སྲོལ་སྨན་པ་ཉམས་མྱོང་ཅན་རྣམས་ཀྱི་རྒྱུན་འབྱུང་ནད་རིགས་འཇོམས་པའི་སྨན་སྦྱོར་སྡེབ་ཡིག ཉེར་མཁོའི་གཏར་བསྲེག་བྱ་ཐབས་གོ་སླ་བར་བརྗོད་པ། སྐྱེ་ལྡན་ཕྲ་རབ་རིག་པ་དང་འགོ་ནད་རིག་པ། བྱིས་ནད་དང་མོ་ནད་རིག་པའི་ཁྲིད་ཡིག བདུད་རྩི་ལྔ་ལུམས་ཀྱིས་དྲེག་གྲུམ་ནད་པ་ང་གསུམ་ལ་སྨན་བཅོས་བྱས་པའི་དཔྱད་འབྲས། མེ་བཙའི་ལག་ལེན་དང་ནད་ཐོག་ལྟ་ཞིབ། སྨན་གྱི་ནོར་འཕྲང་སེལ་བ་ཚེས་པའི་ཟླ་བ།གསོ་རིག་ལག་ལེན་སྤྱི་དོན་སྒྲོན་མ། ཏུན་ཧོང་བོད་ཀྱི་གསོ་རིག་ཞིབ་འཇུག་ཅེས་པའི་དེབ་ཕུད་ལ་བསྒྲོན་པའི་ཞུ་མཆིད་སོགས་རིན་ཐང་ཆེ་བའི་དཔེ་དེབ་དང་དཔྱད་རྩོམ་མི་ཉུང་བ་འགྲེམ་སྤེལ་བྱས་པས། ཀྲུང་གོ་ཚན་རྩལ་མཐུན་ཚོགས་དང་ངལ་རྩོལ་མི་དོན་པུའུ་ཡིས་གྲངས་ཉུང་མི་རིགས་ས་ཁུལ་དུ་དུས་ཡུན་རིང་བོར་ཚན་རྩལ་ཕྱག་ལས་གནང་མཁན་གྱི་ཕུལ་བྱུང་མི་སྣ་ཞེས་པའི་བྱ་དགའ་དང་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་ཕུལ་བྱུང་ལག་རྩལ་པ་དང་ཕུལ་བྱུང་ཆེད་མཁས་པ་སོགས་ཀྱི་གཟི་བརྗིད་མཚན་སྙན་གནང་། སྔ་གཞུག་ཏུ་རྒྱལ་ཁབ་རིམ་པའི་ཕུལ་བྱུང་ཆེད་མཁས་པ། ཀྲུང་ཧྭ་གསོ་རིག་ཚོགས་པའི་ཆེད་ཞུའི་མཁས་དབང་། མཚོ་སྔོན་ཚན་རྩལ་ལྷན་ཚོགས་ཀྱི་ལས་འཛིན། རྒྱལ་ཡོངས་གསོ་རིག་ཚོགས་པའི་ལས་འཛིན། རྒྱ་ཁབ་ཀྱི་ལྷ་རྗེ་ཆེནམོ། མཚོ་སྔོན་གསོ་རིག་སློབ་གྲྭ་ཆེན་མོ་བོད་ཀྱི་གསོ་རིག་སློབ་གླིང་གི་རབ་འབྱམས་ཞིབ་འཇུག་སློབ་མའི་མཛུབ་ཁྲིད་སློབ་དཔོན། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་མཚན་འཛིན་ཡོན་ཀྲང་བཅས་ཀྱི་འགན་ཡང་བཞེས་མུས་སུ་བཞུགས་པ་ལགས་སོ།།
གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།