0971-8201019
མ་ཤོག > སྨན་བཅོས། > ཁོང་ནད། >

 

 

མཆིན་པ་སྐྱ་རྦབ།

ཡོང་ཁུངས།      |   ཀློག་གྲངས།    


ངོ་བོ་ཁ་ཟས་ཀྱི་དྭངས་མ་མ་ཞུ་བ་མཆིན་པར་གནས་པ་དེ་ཟུངས་སུ་མ་གྱུར་བར་དྭངས་སྙིགས་འདྲེས་པའི་ཆུ་སེར་ཆེར་འཕེལ་བ་ཁྱབ་བྱེད་རླུང་གིས་ལུས་ཀུན་ཁྱབ་པར་གཏོར་བ་ལས་བྱུང་བ་ཞིག་ཡིན།
རྒྱུ་རྐྱེན།
 ནུས་པ་ལྕི་བ་དང་བསིལ་བ། མ་གོམས་པ་དང་མི་འཕྲོད་པའི་ཟས་རིགས་བསྟེན་དྲགས་པ།
ནད་རྟགས།
སྤྱིར་བཏང་དུ་ཁ་དང་གདོང་སོགས་སྐྲངས་པ་དང་།
ལུས་ཀྱི་ཉམས་སྟོབས་ཞན་པ། བཀྲག་མདངས་ཤོར་བ།
མིག་སྤྲིན་དང་ཤ་མདངས། དྲི་ཆུ་སོགས་སེར་པོ་འོང་ལ་རྙིངས་ནས་འོར་དང་དམུ་ཆུར་འགྱུར་བ།
རྩ་རྒྱུད་ཐུང་ལ་གཏིང་ན་འཕར་བ།
ཆུའི་ཀུ་ཡ་མཐུག་པ། སྤྲིས་མ་སྐྱ་བོ་ཚོམ་བུའི་རིས་སུ་འོང་བ།
གཞོགས་འདེགས་བརྟག་དཔྱད།
ཁྲག་པྲ་ལས་ཁྲག་བརྡོལ་བ་དང་ལུས་ཟུངས་ཞན་པ་སོགས་རྐྱེན་ཀྱི་ཁྲག་ཞན་པ་དང་། ཕྲ་ཕུང་དཀར་པོ་དང་ཁྲག་ལེབ་ཆུང་བ་ཇེ་དམའ་ཡིན་པར་ནང་གསེས་སུ་ཁྲག་ལེབ་ཆུང་བ་ལྷག་ཏུ་དམའ་བ།
གཅིན་པྲ་ལས་ནད་གཞི་ཅུང་ལྕི་བའི་ཚེ་སྤྲི་དཀར་དང་སྦུག་རྣམ་འབྱུང་སྲིད་པར་གཅིན་མཁྲིས་ཁུངས་གི་ཚད་ཇེ་མཐོར་ཡིན་པ། མཆིན་པའི་ནུས་པ་ལ་བརྟག་ན་ALTདངASTཇེ་མཐོར་ཡིན་པ། གཞན་ཁྲག་པྲ་ལས་མཆིན་པའི་ཚི་སྣར་གྱུར་བའི་ཚད་གཞི་རྣམ་པ་བཞི་བོར་བརྟག་ཆོག Bསྒྲ་བརྒལ་ལས་མཆིན་པ་དང་མཆེར་བའི་ཆེ་ཆུང་དང་། ཟགས་ཆུའི་མང་ཉུང་། མཆིན་པའི་རྩ་བོ་ཆེའི་ཁྲག་གི་རྒྱུ་བ་སོགས་ལ་གསལ་པོ་བརྟག་ཐུབ། ཕོ་ཤེལ་ལས་མིད་པ་དང་ཕོ་བའི་ལྡིར་ཀྱི་སྡོད་རྩ་འཁྱོག་བརྐྱངས་ཡོད་མེད་ལ་བརྟག་པ། CTདང་MRIལས་མཆིན་པ་སྐྲངས་སྦོས་དང་མཆེར་བ་ཆེར་རྒྱས་པ་སོགས་ཀྱི་ངོས་འཛིན་ལ་རིན་ཐང་ཆེན་པོ་ལྡན།
འཁྲུལ་སོ་་བསལ་བ།
མཁལ་ནད་འོར་ལྷུང་དང་འཁྲུལ་སོ་བསལ་བ། མཁལ་མ་འོར་ལྷུང་དང་ན་བའི་ཚུལ་ཅུང་འདྲ་མོད། མཁལ་མ་འོར་ལྷུང་ནི་མཁལ་རྐེད་གཟེར་བ་དང་ལུས་ལ་ཟ་འཕྲུག་བྱེད་པ། ལྷག་པར་དུ་ནངས་མོ་ངོ་གདོང་སྐྲངས་པ་དང་ན་བའི་གནས་མི་འདྲ་བ་སོགས་ལས་མི་འཁྲུལ་ལོ།
འོར་ནད་དང་འཁྲུལ་སོ་བསལ་བ། འོག་ཏུ་གང་བཅུག་ཡོན་པོར་སྐྲངས་པ་ལས་འཁྲུལ་སོ་སེལ་ནུས། །
གསོ་ཐབས།
 གསོ་ཚུལ།
  རླུང་མགོ་གནོན་ཅིང་ཟུངས་སྟོབས་སྐྱེད་པ།
  མཆིན་ཁམས་སྲུང་ལ་ཟགས་ཆུ་བསྡུ་བ།
 བཅོས་ཐབས།
ཟས། འབྲས་ཐུག་ལུག་ཤ་མར་གསར་དར་བ་བསྟེན།
སྤྱོད་ལམ། རླན་གྲང་ཉིན་གཉིད་དང་ཉལ་པོ་སྤང་ལ་སྐམ་སར་ལུས་དྲོ་ལ་མི་རྔུལ་ཙམ་བཅག་པ།
 སྨན། དང་བོ་སྔོན་འགྲོ་འོལ་ཁ་སྒྱུར་བ་ནི་སེ་འབྲུ་བཞི་བའི་སྟེང་ཚ་ན་གུར་ཀུམ་དང་། གྲང་ན་སྒ་ཡི་མདེ་ཁ་བསྒྱུར་བ་དང་། དངོས་གཞིའི་སྦྱོར་བ་ཟངས་ཐལ་ཐུན་ལྔ། སེ་འབྲུ་ཐུན་བཞི། སུག་སྨེལ་དང་པི་ལིང་ཐུན་རེ། ད་ལི་ཐུན་ལྔ། སྒ་ཏིག་ཐུན་གཅིག་གམ་གཉིས། ཚ་ཤས་ཆེས་ན་སྟར་བུ་ཀ་ར་བསྡེབ། གྲང་ཤས་ཆེ་ན་བུ་རམ་ཆ་ཕྱེད་སྦྱར་ལ། ཞིབ་བཏགས་འདམ་འཐག་ཉིན་གཅིག་བར་དུ་གཟབ། ཁ་འཛིན་སྦྱར་ཐབས་ནི་གློ་ལ་ཤིང་མངར་དང་ཅུ་གང་། སྙིང་ལ་ཛ་ཏི་དང་ཤིང་ཀུན། མཆིན་པར་ཁ་ཆེ་བྲག་ཞུན། མཁལ་མར་སུག་སྨེལ། མཚེར་བར་ཀ་ཀོ་ལ་དང་ཨ་རུ་རྣམ་རྒྱལ། རྒྱམ་ཚྭ་སོགས་དང་། སྨན་འབོལ་སྨན་བདུན་པ། ད་ལི་བཅུ་དྲུག་ལྕགས་ཕྱེ་བཅོ་ལྔ། དྭངས་གནས། གསོ་བྱེད་ཉི་མའི་དཀྱིལ་འཁོར་སོགས་ལ་གང་འཚམས་ཀྱིས་བསྟེན་པར་བྱ།
 དཔྱད། རྩེ་ཆུང་དང་རུ་ཐུང་གཏར། ཚིགས་པ་བཅུ་གསུམ་དང་དགུ་བ་མེས་མནན།
ཕན་འབྲས་ཚད་གཞི།
སངས་དྲག
 གོང་གི་ནད་རྟགས་རྣམས་ཞི་བ་དང་ལུས་པོ་ཐ་མལ་དུ་ཚུད་པ།
སྐྱེད་ཆེ་བ།
 སྤྱིར་བཏང་དུ་ཁ་དང་གདོང་སོགས་སྐྲངས་པ་དང་། ལུས་ཀྱི་ཉམས་སྟོབས་ཞན་པ། བཀྲག་མདངས་ཤོར་བ། མིག་སྤྲིན་དང་ཤ་མདངས། དྲི་ཆུ་སོགས་སེར་པོ་འོང་བ་བཅས་ཀྱི་ན་ལུགས་ལས་གང་གཙོ་ཆེར་བྱུང་བ་དེ་ཞི་ཞིང་། གཞོགས་འདེགས་བརྟག་དཔྱད་དང་རྩ་ཆུ་ལྕེའི་རྟགས་རྣམས་ཀྱང་ཕལ་ཆེར་རང་མལ་དུ་ཚུད་པ།
སྐྱེད་ཆུང་བ།
ན་ལུགས་གཙོ་བོ་དེ་མ་ཞི་བ་དང་། ནད་རྟགས་འགའ་རེ་ཞི་ཡང་གཞོགས་འདེགས་བརྟག་དཔྱད་དང་རྩ་ཆུར་འགྱུར་ལྡོག་ཆུང་བ།
སྐྱེད་མེད་པ།
 ཕན་སྐྱེད་ཅི་ཡང་མ་བྱུང་བའམ་ཇེ་སྡུག་ཏུ་ཕྱིན།།
 
གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།