0971-8201019
མ་ཤོག > སྨན་བཅོས། > ལུས་སྟོད་ནད་ཀྱི་སྐོར། >

 

 

ཡ་མ་དཀར་པོ།

ཡོང་ཁུངས།   བོད་ཀྱི་གསོ་རིག་དྲ་བ།   |   ཀློག་གྲངས།    

ཡ་མ་ཞེས་པ་ཞང་ཞུང་གི་སྐད་ཀྱི་སྲིན་བུའི་མིང་སྟེ་མགོར་གནས་ཀྱི་ནད་སྲིན་འཁྲུགས་པའི་སྐབས་ལ་སྦྱར་བའི་མིང་འདོགས་ལུགས་ཤིག་ཏེ། ནད་སྟོབས་ཆུང་བའི་མགོ་སྲིན་ལ་ཡ་མ་དཀར་པོ་སྟེ། ངོ་བོ་བད་རླུང་གི་ཤས་ཆེ་བའོ།
རྒྱུ་རྐྱེན།
    ཟས་དང་སྤྱོད་ལམ་དམན་ལྷག་ལོག་ཅིང་གདོན་ལ་སོགས་པའི་རྐྱེན་ཅི་རིགས་ཀྱིས་ལུས་ལ་ལྷན་སྐྱེས་སུ་གནས་བའི་སྲིན་བུ་རྣམས་འཕེལ་ཞིང་བསྐྱེད་པ།
ནད་རྟགས།
     སེམས་འཁྲུལ་ཞིང་སྟོབས་ཆུང་བ། སྐབས་རེ་ན་ཟུག་མི་བཟོད་པར་ན་བ། སྣབས་ཀྱི་མདོག་དམར་ཞིང་རྒྱ་སྲུབས་ཀྱི་སྟེང་དུ་སྐྲངས་བ།
     གློག་ལྟར་གཟེར་འཁྱུག་བྱེད་པ་དང་། ཁྱད་པར་དུ་མདུན་རྒྱབ་ན་ཞིང་མིག་རབ་རིབ་བྱེད་པ། མགོ་བོ་འཐོམས་ཞིང་དྲོད་དུགས་ཀྱིས་ཕན་སྙམ་པ་དང་མགོ་བོ་དཀྲིས་པས་བདེ་སྙམ་བྱེད་པ། རྣ་བ་འུར་བ།
     འཁར་གོང་མེ་ལ་བསྲེག་པའི་སྟེང་དུ་མཆིལ་མ་བཏབ་ན་དཀར་བོར་འགྱུར་བ།
    རྩ། འཁྱུག་ཅིང་ཞེང་དུ་ལེབ་མོ་འཕར།
    ཆུ། སྔོ་ལ་ལྦུ་བ་ཆེ།
    ལྕེ། དམར་ལ་དྲེག་སྐྱ་ཆགས་པ།
གཞོགས་འདེགས་བརྟག་དཔྱད།
       འབྲེལ་ཡོད་ཁྲག་པྲ་དངXགློག་འོད། CTབཅས་ལས་འགྱུར་ལྡོག་བྱུང་ཡོད།
འཁྲུལ་སོ་བསལ་བ།
    ཡ་མ་ནག་པོ་དང་འཁྲུལ་སོ་བསལ་དགོས་ཏེ་དཀར་གོང་མེ་ལ་བསྲེག་པའི་དམར་པོ་དེ་ལ་ནད་པས་མཆིལ་མ་བཏབ་ནས་བརྟག་པ་ལ་གྲང་ནས་དེ་གར་སྣང་ན་དཀར་པོར་ཤེས་པར་བྱ།
གསོ་ཐབས།
     གསོ་ཚུལ།
    ཐོག་མར་བད་རླུང་གི་མགོ་གནོན་པ། བར་དུ་མེ་དྲོད་གསོ་ཞོར་ནད་རྩེ་གཞིལ་བ། ཐ་མ་ཕྱིར་མི་ལྡོག་པའི་རྗེས་གཅོད་པ།
       བཅོས་ཐབས།
     ཟས་སྐོམ། མངར་སྐྱུར་དང་དམར་སོགས་ལ་འཛེམ་པ་དང་། ལུས་སྟོབས་ཤོར་ཞིང་ནད་ཡུན་ལོན་པའི་རིགས་ལ་ཤ་གསར་བཅུད་ཅུང་ཟད་བསྟེན་ཀྱང་རུང་བ།
    སྤྱོད་ལམ། བསིལ་དྲོད་སྙོམས་པར་གནས་ཤིང་ལུས་དལ་བུར་སྡོད།
     སྨན། བྱི་ཏང་ག་དང་མ་རུ་ཙེ་སོགས་ཀ་ར་དང་བུ་རམ་སྦྲང་རྩི་བཅས་མངར་གསུམ་དང་འོ་མ་སྦྱར་བའི་བྱི་ཏང་ག་བཅུ་གཉིས་སྣར་བདུག རླུང་ལྡན་ཁྱུང་ལྔའི་སྟེང་དུ་ཐང་ཁྲོམ་དཀར་པོ། བྱི་ཏང་ག་བསྣན་པ་བསྐོལ་གྲངས་དབུལ། ཡང་ན་ཐང་ཕྲོམ་བཅོ་བརྒྱད། མ་རུ་ཙེ་དགུ་བ། ས་རའི་བྱ་ཁྱུང་། བྱུར་དམར་ཉེར་ལྔ་སོགས་ནད་བབས་དང་བསྟུན་དགོས།
     དཔྱད། སྐྲ་བྲེགས་ལ་གང་དུ་འཁྱུག་ཅིང་གཟེར་སར་གཙག་བུས་དབུག་པར་བྱ་ཞིང་། ར་ཡི་དང་ཁྲག་ཚིལ་བཅས་བྱུག་ཅིང་ལྤགས་པ་དྲོན་མོས་གཡོག དམིགས་གང་ཡོད་དང་རྩ་སྒོ་གང་འཁྱུག་སར་མེས་བསྲེག་པར་བྱ།
ཕན་འབྲས་ཚད་གཞི།
སངས་དྲག
གོང་གི་ནད་རྟགས་རྣམས་ཞི་བ་དང་ལུས་པོ་ཐ་མལ་དུ་ཚུད་པ།
སྐྱེད་ཆེ་བ།
སེམས་འཁྲུལ་ཞིང་སྟོབས་ཆུང་བ། སྐབས་རེ་ན་ཟུག་མི་བཟོད་པ། སྣབས་ཀྱི་མདོག་དམར་ཞིང་རྒྱ་སྲུབས་ཀྱི་སྟེང་དུ་སྐྲངས་པ། གློག་ལྟར་གཟེར་འཁྱུག་བྱེད་པ་དང་། ཁྱད་པར་དུ་མདུན་རྒྱབ་ན་ཞིང་མིག་རབ་རིབ་བྱེད་པ། མགོ་བོ་འཐོམས་ཞིང་དྲོད་དུགས་ཀྱིས་ཕན་སྙམ་པ་དང་མགོ་བོ་དཀྲིས་པས་བདེ་སྙམ་བྱེད་པ། རྣ་བ་འུར་བ་སོགས་ཀྱི་ན་ལུགས་ལས་གང་གཙོ་ཆེར་བྱུང་བ་དེ་ཞི་ཞིང་། གཞོགས་འདེགས་བརྟག་དཔྱད་དང་རྩ་ཆུ་ལྕེའི་རྟགས་རྣམས་ཀྱང་ཕལ་ཆེར་རང་མལ་དུ་ཚུད་པ།
སྐྱེད་ཆུང་བ།
ན་ལུགས་གཙོ་བོ་དེ་མ་ཞི་བ། ནད་རྟགས་འགའ་རེ་ཞི་ཡང་རྩ་ཆུར་འགྱུར་ལྡོག་ཆུང་བ།
    སྐྱེད་མེད་པ།
      ཕན་སྐྱེད་ཅི་ཡང་མ་བྱུང་བའམ་ཇེ་སྡུག་ཏུ་ཕྱིན་པ།།
གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།