0971-8201019
མ་ཤོག > སྨན་བཅོས། > ཚ་བ་གཉན་རིམས། >

 

 

མ་སྨིན་ཚ་བ།

ཡོང་ཁུངས།   བོད་ཀྱི་གསོ་རིག་དྲ་བ།   |   ཀློག་གྲངས།    

མ་སྨིན་ཚ་བ་ནི་ཚ་བ་བད་རླུང་གི་བསྡོངས་ཟླ་དང་བཅས་པས་རླུང་གིས་ཚ་བ་ལུས་ཟུངས་ལ་ཁྱབ་པར་བྱེད་བ་དང་། བད་ཀན་གྱིས་ཚ་བའི་མགོ་མནན་ནས་ནད་ཤུགས་མ་རྫོགས་པ་སྟེ། ཚ་བ་བད་རླུང་གི་བསྡོངས་ཟླ་དང་མ་ཕྱེད་པས་ནད་ཤུགས་མ་རྫོགས་པ་དང་ཆེར་སྐྱེ་བའི་འཕྲོ་འང་མ་ཆད་པའི་གནས་སྐབས་ལ་བྱའོ།
རྒྱུ་རྐྱེན།
རྒྱུ་ནི་བད་ཀན་དང་རླུང་ཡིན། དེ་རྐྱེན་ནི་དུས་གདོན་ཟས་སྤྱོད་ཀྱི་རྐྱེན་བཞི་མཁྲིས་པ་ལ་ཕོག་ནས་མཁྲིས་པ་དེས་བསླངས་བའི་ཞར་ལ་བད་ཀན་དང་རླུང་གཉིས་ཀྱང་མི་བདེ་བ་འཁྲུགས་པའི་ཕྱིར་བད་རླུང་དང་བསྡོངས་པས་མ་སྨིན་ཚ་བ་འབྱུང་བ་ཡིན། བད་རླུང་སྐྱེད་པར་བྱེད་པའི་ཟས་དང་སྤྱོད་ལམ་སོགས་རྐྱེན་དེ་རྣམས་ཀྱི་དབང་གིས་ཚ་བ་བད་རླུང་དང་ལྡན་པས་སྨིན་པ་དཀའ་བར་འགྱུར་རོ། མ་སྨིན་ཚ་བ་བྱུང་དུས་སུ་ཟས་དང་སྤྱོད་ལམ་ཚ་བའི་གཉེན་པོ་བསྟེན་སྔ་དྲགས་པས་བད་རླུང་སྐྱེད་ལ་ཚ་བ་བྱེར་བ་ཡིན།
ནད་རྟགས།
ལུས་ཀྱི་དྲོད་མི་སྙོམས་པར་སྲོད་ལ་ཤ་དྲོད་ཆེ་བ་དང་། གཡལ་མང་ཞིང་སྒྱིད་པ་སྐྱུར་ལ་བྱ་རྨྱང་བྱེད་ཅིང་ཁ་ཁ་ལ་མགོ་ན་བ་དང་བྱིན་པའི་ཉྭ་དང་ཚིགས་གཞི་ན་བ།
ལུས་ལ་གྲང་ཤུམ་བྱེད་ཅིང་མེ་དང་ཉི་མ་ལ་སྙེག་པ་དང་རྨི་ལམ་ཟ་ཟི་མང་ལ་སེམས་ལས་ཆེ་བ།
རྩ་རྒྱུད་ཕྲ་ཞིང་གཡོ་ལ་མགྱོགས་པ།
ཆུའི་མདོག་ནི་དམར་སེར་སྐ་ལ་རྙོག་མ་ཅན།
ལྕེ་མདོག་སྐྱ་བའི་སྟེང་དུ་རླུང་གི་འབྲུམ་པ་དམར་ཙམ་འབྱུང་།
གཞོགས་འདེགས་བརྟག་དཔྱད།
ནད་གཞི་འདི་ལ་འབྲེལ་ཡོད་བརྟག་དཔྱད་ལས་གནས་སྐབས་རྒྱུན་ལྡན་མིན་པའི་སྣང་ཚུལ་མ་མཐོང་ལ། རྗེས་མ་མཐོང་ཚེ་ཁ་གསབ་བྱེད་ངེས།
འཁྲུལ་སོ་བསལ་བ།
ཆམ་རིམས་དང་འཁྲུལ་སོ་བསལ་བ། ཆམ་རིམས་ནི་མགོ་དང་ཚིགས་གཞི། བྱིན་པའི་ཉྭ་སོགས་ན་བ། རོ་སྟོད་མི་བདེ་ཞིང་བརླ་དང་རྐེད་པ་བརྡུངས་སྙམ་བྱེད་པ་དང་། ཁ་ཁ་བ། དང་ག་མི་བདེ་ལ་གྲང་ཤུམ་བྱེད་ཅིང་སྲོད་ལ་ཤ་ཚ་ཞིང་རྨི་ལམ་ཟ་ཟི་མང་བ་འབྱུང་།
གབ་ཚད་དང་འཁྲུལ་སོ་བསལ་བ། ངོ་སྣུམ་ཞིང་གཉིད་ལོག་པའི་རྗེས་ལ་ཁ་ལྕེ་སྐམ་པ་དང་ཁ་ཁ་ཞིང་དང་ག་མི་བདེ་ལ་སྐབས་སུ་རྔུལ་ཕྲན་བུ་འབྱུང་བ་དང་། ལུས་བྱིངས་ལྕི་ལ་མིག་དམར་ཞིང་མགོ་ཡང་ལྕི་ལ་སྣ་ཁྲག་འཛག་པ་དང་། ནུབ་མོ་གཉིད་ཆུང་ལ་ཉིན་པར་གཉིད་ཆེ་བ་དང་། མེ་དང་ཉི་ཕོག་ན་ཁམས་ལྕི་ཞིང་གྱེན་ལ་ཕྱིན་ན་ལྷག་པར་ངལ་བ་དང་། བསིལ་དྲགས་པ་དང་དྲོས་དྲགས་པ་གཉིས་ཀ་གནོད་པར་ཚོར་རོ།
 
གསོ་ཐབས།
 གསོ་ཚུལ།
རིམས་ཀྱི་ཚ་བ་ཆང་ལྟར་སྨིན་པར་བྱ་བ། འགྲམས་འཁྲུགས་ཚ་བ་ནད་ཁྲག་དང་ཟུངས་ཁྲག་དགྲ་ཟིན་ལྟར་དབྱེ་བ།
 བཅོས་ཐབས།
ཟས། ཕྱེ་ཚོད་དང་ཐུག་པ། བསྐོལ་གྲང་སོགས་བཅུད་མེད་ལ་འཇུ་སླ་བ་དྲོད་འཇམ་བསྟེན། ཤ་ཆང་སོགས་དྲོད་བཅུད་ལྡན་པའི་ཟས་ཀྱིས་མཁྲིས་ཚད་བསྐྱེད་པས་ཟས་དང་ཞོ་དང་དར་བ་ཆུ་གྲང་རྗེན་པའི་ཟས་འཇུ་དཀའ་བ་སོགས་བད་རླུང་གི་གྲོགས་སུ་འགྲོ་བ་སྤང་བར་བྱ །
སྤྱོད་ལམ། དྲག་ཤུལ་གྱི་ལས་དང་མེ་དང་ཉི་མས་གདུངས་པ་དང་ཉིན་པར་གཉིད་ལོག་པ། གྲིབ་མར་ཡུན་དུ་བསྡད་ནས་འཁྱགས་པ་དང་ས་རླན་དང་བསེར་བུ་སོགས་སྤང་དགོས།
སྨན། ཐོག་མར་ནོར་བུ་བདུན་ཐང་དང་མ་ནུ་བཞི་ཐང་། བསིལ་བཅུད་བཅོ་ལྔ། སྤྲིན་བྲལ་ཟླ་ཟེར་སོགས་བསྟེན། ལུས་ལ་རྔུལ་དྲི་བྱུང་ན། གཙོ་བརྒྱད། བེ་དོ་བཅུ་གསུམ། གི་ཝང་དགུ་བ། ཐང་ཆེན་བརྒྱད་པ། རྟ་ཟི་རིལ་བུ་ཚད་ལྡན་ལ་ནོར་བུ་བདུན་ཐང་གིས་འཕུལ།
དཔྱད། མ་སྨིན་པའི་ཚ་བ་རྙོགས་པ་ལ་འབྲས་བུ་གསུམ་གྱི་ཐང་བཏང་རྗེས་རུ་ཐུང་དང་སྣོད་ཀ་གཉིས་གང་འོས་གཏར། ཡང་ན་འབྲས་བུ་གསུམ་ལ་ལྕུམ་རྩ་སྔོན་བུ་སྤོས་དཀར་སོགས་བ་ཆུར་སྦྱར་བའི་བཤལ་བཏང་རྗེས་ཚིགས་པ་དང་པོ་བཅུ་གསུམ་བཅོ་བརྒྱད་མེ་མཉམ་གསང་རྣམས་ལ་མེས་བཅད་དོ། རྒྱུད་ལུང་མན་ངག་སྤྱི་དང་ཁྱད་པར་དུ་རང་གི་མཐོང་བ་རྒྱུད་པའི་ཕྱག་ལེན་ལྟར་བཅོས་པར་བྱའོ།
ཕན་འབྲས་ཚད་གཞི།
སངས་དྲག
 གོང་གི་ནད་རྟགས་རྣམས་ཞི་བ་དང་ལུས་པོ་ཐ་མལ་དུ་ཚུད་པ།
སྐྱེད་ཆེ་བ།
མ་སྨིན་ཚ་བ་ལམ་ནས་ལྡོག་པས་ལུས་ཀྱི་དྲོད་མི་སྙོམས་པར་སྲོད་ལ་ཤ་དྲོད་ཆེ་བ་དང་། གཡལ་མང་ཞིང་སྒྱིད་པ་སྐྱུར་ལ་བྱ་རྨྱང་བྱེད་ཅིང་ཁ་ཁ་ལ་མགོ་ན་བ་དང་བྱིན་པའི་ཉྭ་དང་ཚིགས་གཞི་ན་བ། ལུས་ལ་གྲང་ཤུམ་བྱེད་ཅིང་མེ་དང་ཉི་མ་ལ་སྙེག་པ་དང་རྨི་ལམ་ཟ་ཟི་མང་ལ་སེམས་ལས་ཆེ་བ་བཅས་ཀྱི་ན་ལུགས་ལས་གང་གཙོ་ཆེར་བྱུང་བ་དེ་ཞི་ཞིང་། གཞོགས་འདེགས་བརྟག་དཔྱད་དང་རྩ་ཆུ་ལྕེའི་རྟགས་རྣམས་ཀྱང་ཕལ་ཆེར་རང་མལ་དུ་ཚུད་པ། ཡང་ན་གྲང་ཤུམ་ཆད་ནས་སྨིན་རྟགས་ཐོན་པ།
སྐྱེད་ཆུང་བ།
 ན་ལུགས་གཙོ་བོ་དེ་མ་ཞི་བའམ་ཁྱད་པར་དུ་གྲང་ཤུམ་མ་ཆད་པ། ནད་རྟགས་འགའ་རེ་ཞི་ཡང་རྩ་ཆུར་འགྱུར་ལྡོག་ཆུང་བ།
སྐྱེད་མེད་པ།
 ཕན་སྐྱེད་ཅི་ཡང་མ་བྱུང་བའམ་ཇེ་སྡུག་ཏུ་ཕྱིན།།
 
གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།