0971-8201019
མ་ཤོག > སྨན་བཅོས། > ཚ་བ་གཉན་རིམས། >

 

 

གབ་ཚད།

ཡོང་ཁུངས།   བོད་ཀྱི་གསོ་རིག་དྲ་བ།   |   ཀློག་གྲངས།    

གབ་པའི་ཚ་བ་ནི་ཚ་བ་མེ་ལྟ་བུའི་ངོ་བོ་ལ་ཕྱི་ནས་ཐལ་བ་གྲང་མོས་གཡོགས་ནས་སྦས་པ་ལྟར་གྲང་རླུང་གཉིས་ཀྱིས་མགོ་བྱིབས་ནས་བག་ལ་ཉལ་བ་གབ་པའི་ཚ་བ་ཡིན། གབ་པའི་ཚ་བའི་ངོ་བོ་ནི་ཐལ་བ་གྲང་མོའི་ནང་དུ་སྦས་པའི་མེ་དང་འདྲ་སྟེ། གྲང་བ་དང་རླུང་གཉིས་ཀྱིས་ཚ་བའི་མགོ་བྱིབས་པས་བད་རླུང་གི་འོག་ཏུ་ཚད་པའི་རྟགས་བག་ལ་ཉལ་བའོ།
རྒྱུ་རྐྱེན།
རྒྱུ་ནི་བད་ཀན་དང་རླུང་གཉིས་ཡིན། དེ་རྐྱེན་ནི་རང་བཞིན་རླུང་ཤས་ཅན་དང་ན་ཚོད་རྒན་པོ། ནད་ཁམས་རླུང་རྣམས་ཏེ་གྲང་རླུང་ཅན་གྱི་ནད་པ་ལ་ཚ་བ་ཕྲན་བུ་འབྱུང་བར་དང་པོ་རང་གནས་སུ་བད་རླུང་གབ་པ། ཕོ་བ་དང་མཁལ་མ། སྙིང་གསུམ་ལ་ཚ་བའི་ནད་ཞུགས་ཀྱང་གྲང་རླུང་གི་གནས་ཡིན་པས་ཚ་བ་གཏིང་དུ་གབ་ཏེ་ཕྱི་རྟགས་གྲང་རླུང་དུ་སྟོན་ནོ། མ་སྨིན་ཚ་བ་བཅོས་སྔས་པ་དང་། བད་ཀན་རི་ཐང་མཚམས་སུ་བཅུད་གློད་པ་སྟེ་བཅུད་སྔས་པས་གྲང་བའི་འོག་ཏུ་ཚ་བ་སྦས་པ།
ནད་རྟགས།
ཚ་སྟོབས་ཅན་གྱི་རྟགས། ཤེས་པ་ལྕི་བ། ངོ་སྣུམ་ཞིང་གཉིད་ལོག་པའི་རྗེས་ལ་ཁ་ལྕེ་སྐམ་པ་དང་ཁ་ཁ་ཞིང་དང་ག་མི་བདེ་ལ་སྐབས་སུ་རྔུལ་ཕྲན་བུ་འབྱུང་བ་དང་། ལུས་བྱིངས་ལྕི་ལ་མིག་དམར་ཞིང་མགོ་ཡང་ལྕི་ལ་སྣ་ཁྲག་འཛག་པ་དང་། ནུབ་མོ་གཉིད་ཆུང་ལ་ཉིན་པར་གཉིད་ཆེ་བ་དང་། མེ་དང་ཉི་མས་ཕོག་ན་ཁམས་ལྕི་ཞིང་གྱེན་ལ་ཕྱིན་ན་ལྷག་པར་ངལ་བ་དང་། བསིལ་དྲགས་པ་དང་དྲོས་དྲགས་པ་གཉིས་ཀ་གནོད་པར་ཚོར།
གྲང་སྟོབས་ཅན་གྱི་རྟགས། གདོང་པ་སྐྱ་ལ། ལུས་གྱོང་བ། དང་ག་མི་བདེ་ཞིང་སྣ་ཆུ་འཛག་ཅིང་ཤེས་པ་བྱིང་ལ་ཟས་དང་སྤྱོད་ལམ་དྲོ་ན་འཕྲོད།
ཚ་སྟོབས་ཅན་གྱི་རྩ་ནི་དཔངས་དམའ་ལ་གྲིམས་པ། གྲང་སྟོབས་ཅན་གྱི་རྩ་ནི་བྱིང་ལ་བུལ་བ་སྟེ་དལ་བ།
ཚ་སྟོབས་ཅན་གྱི་ཆུ་ནི་དམར་ལ་ལྡོག་པར་དཀའ། གྲང་སྟོབས་ཅན་གྱི་ཆུ་མདོག་སྔོ་ལ་ལྡོག་ཏུ་མི་འདོད་པ།
ལྕེ་སྐམ་པ།
གཞོགས་འདེགས་བརྟག་དཔྱད།
ནད་གཞི་འདི་ལ་འབྲེལ་ཡོད་བརྟག་དཔྱད་ལས་གནས་སྐབས་རྒྱུན་ལྡན་མིན་པའི་སྣང་ཚུལ་མ་མཐོང་ལ། རྗེས་མ་མཐོང་ཚེ་ཁ་གསབ་བྱེད་ངེས།
འཁྲུལ་སོ་བསལ་བ།
མ་སྨིན་ཚ་བ་དང་འཁྲུལ་སོ་བསལ་བ། ལུས་ཀྱི་དྲོད་མི་སྙོམས་པར་སྲོད་ལ་ཤ་དྲོད་ཆེ་བ་དང་། གཡལ་མང་ཞིང་བྱ་བ་ལ་འདོད་པ་མེད་པ། སྒྱིད་པ་སྦྲིད་ཅིང་བྱ་རྨྱང་བྱེད་པ་དང་། ཁ་ཁ་ལ་མགོ་ན་བ་དང་བྱིན་པའི་ཉ་དང་ཚིགས་བཞི་ན་བ། ལུས་ལ་གྲང་ཤུམ་བྱེད་ཅིང་མེ་དང་ཉི་མ་ལ་བསྙེགས་སྟེ་དགའ་སྣང་བྱེད་པ་དང་རྨི་ལམ་ཟ་ཟི་མང་ལ་སེམས་ལས་ཆེ་བ།
ཆམ་རིམས་དང་འཁྲུལ་སོ་བསལ་བ། ཆམ་རིམས་ནི་མགོ་དང་ཚིགས་གཞི་དང་བྱིན་པའི་ཉ་སོགས་ན་བ། རོ་སྟོད་མི་བདེ་ཞིང་བརླ་དང་རྐེད་པ་བརྡུངས་སྙམ་བྱེད་པ་དང་། ཁ་ཁ་ལ་དང་ག་མི་བདེ་ཞིང་གྲང་ཤུམ་བྱེད་ཅིང་སྲོད་ལ་ཤ་ཚ་ཞིང་རྨི་ལམ་ཟ་ཟི་མང་བ་འབྱུང་།
གསོ་ཐབས།
གསོ་ཚུལ།
དང་པོ་རྐུན་ཆེན་ཕུགས་སུ་གཞུག བར་དུ་དུད་ཁུང་རྒྱ་སྐར་དབྱེ། ཐ་མ་མེ་ལྷག་ཆུ་ཡིས་བསད།
 བཅོས་ཐབས།
ཟས། ཁ་ཟས་འབྲས་དང་བ་ལང་གི་ཤ་གསར་པ་དང་ཆག་ཚེ་སྟེ་ནས་ཁྲལ་ཁྲོལ་བརྡུང་བ། མར་གསར་བ་དང་ཞོ་སྐྱ་དཀྲུག་པ་རྣམས་གཏོང་བ།
སྤྱོད་ལམ། བསིལ་བའི་གནས་སུ་དལ་བར་འདུག་ཅིང་གཉིད་མི་ལོག་པ།
སྨན། སྙིང་ལ་ཚ་བ་གབ་ན་ཨ་གར་བརྒྱད་པ། ཨ་གར་ཉི་ཤུ། ཨ་གར་སོ་ལྔ། ཕོ་བར་ཚ་བ་གབ་ན་སེ་འབྲུ་ལྔ་བ། སེ་འབྲུ་ཉེར་ལྔ། མཁལ་མ་ལ་གབ་ན་ཨ་རུ་བཅུ་བ། གུར་གུམ་བཅུ་གསུམ། གུར་གུམ་བཅུ་བ་སོགས་དྲོད་སྨན་བསྟེན་དགོས།
དཔྱད། རྩེ་ཆུང་། རུ་ཐུང་། སྣོད་ཀ ལྕེ་རྩ། ཐོང་རྩ་སོགས་གཏར། རྒྱུད་ལུང་མན་ངག་སྤྱི་དང་ཁྱད་པར་དུ་རང་གི་མཐོང་བ་རྒྱུད་པའི་ཕྱག་ལེན་ལྟར་བཅོས་པར་བྱ།
ཕན་འབྲས་ཚད་གཞི།
སངས་དྲག
 གོང་གི་ནད་རྟགས་རྣམས་ཞི་བ་དང་ལུས་པོ་ཐ་མལ་དུ་ཚུད་པ།
སྐྱེད་ཆེ་བ།
ཚ་སྟོབས་ཅན་གྱི་རྟགས། ཤེས་པ་ལྕི་བ། ངོ་སྣུམ་ཞིང་གཉིད་ལོག་པའི་རྗེས་སུ  ་ཁ་ལྕེ་སྐམ་པ་དང་ཁ་ཁ་ཞིང་དང་ག་མི་བདེ་ལ་སྐབས་སུ་རྔུལ་ཕྲན་བུ་འབྱུང་བ་དང་། ལུས་བྱིངས་ལྕི་ལ་མིག་དམར་ཞིང་མགོ་ཡང་ལྕི་ལ་སྣ་ཁྲག་འཛག་པ་དང་། ནུབ་མོ་གཉིད་ཆུང་ལ་ཉིན་པར་གཉིད་ཆེ་བ་དང་། མེ་དང་ཉི་མས་ཕོག་ན་ཁམས་ལྕི་ཞིང་གྱེན་ལ་ཕྱིན་ན་ལྷག་པར་ངལ་བ་དང་། བསིལ་དྲགས་པ་དང་དྲོས་དྲགས་པ་གཉིས་ཀ་གནོད་པར་ཚོར་བ། གྲང་སྟོབས་ཅན་གྱི་རྟགས། གདོང་པ་སྐྱ་ལ། ལུས་གྱོང་བ། དང་ག་མི་བདེ་ཞིང་སྣ་ཆུ་འཛག་ཅིང་ཤེས་པ་བྱིང་ལ་ཟས་དང་སྤྱོད་ལམ་དྲོ་ན་འཕྲོད་པ་བཅས་ཀྱི་ན་ལུགས་ལས་གང་གཙོ་ཆེར་བྱུང་བ་དེ་ཞི་ཞིང་། གཞོགས་འདེགས་བརྟག་དཔྱད་དང་རྩ་ཆུ་ལྕེའི་རྟགས་རྣམས་ཀྱང་ཕལ་ཆེར་རང་མལ་དུ་ཚུད་པ།
སྐྱེད་ཆུང་བ།
 ན་ལུགས་གཙོ་བོ་དེ་མ་ཞི་བའམ། ནད་རྟགས་འགའ་རེ་ཞི་ཡང་རྩ་ཆུར་འགྱུར་ལྡོག་ཆུང་བ།
སྐྱེད་མེད་པ།
 ཕན་སྐྱེད་ཅི་ཡང་མ་བྱུང་བའམ་ཇེ་སྡུག་ཏུ་ཕྱིན།
 
གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།