0971-8201019
མ་ཤོག > སྨན་བཅོས། > ཚ་བ་གཉན་རིམས། >

 

 

རྒྱས་ཚད།

ཡོང་ཁུངས།   བོད་ཀྱི་གསོ་རིག་དྲ་བ།   |   ཀློག་གྲངས།    


 རྒྱས་ཚད་ནི་བད་ཀན་དང་།རླུང་སོགས་ནད་གཞན་གྱི་བསྡོངས་ཟླ་དང་བྲལ་ནས་ཚ་བ་རྐྱང་པའི་སྟོབས་ཆེས་ཆེར་རྒྱས་ཤིང་ལུས་ཟུངས་སྲེག་པར་བྱེད་ཕྱིར་རྒྱས་བའི་ཚ་བ་ཞེས་བྱའོ།
རྒྱུ་རྐྱེན།
སྟོན་དཔྱིད་ཚ་བའི་ཡུལ་དུས་འཛོམས་པ་དང་ཤ་ཆང་སོགས་དྲོད་བཅུད་བསྟེན་དྲགས་པ། སྤྱོད་ལམ་དྲག་ཤུལ་གྱི་ལས་བྱས་པ། ཚ་བ་སྨིན་པ། མ་སྨིན་ཚ་བ་ལ་ཡུལ་དུས་རང་བཞིན་ན་ཚོད་དང་གནས་དང་ནད་ཁམས་རྣམས་མཁྲིས་པའི་རྐྱེན་དུ་འདོམ་པ།
ནད་རྟགས།
ལུས་ལ་ཚ་བ་ཆེན་པོ་རྒྱག་པ་དང་ལུད་པ་དམར་སེར་དུད་ཁུ་འདྲ་བ་མང་དུ་ལུ་བ། དབུགས་ཐུང་ལ་གཟེར་དྲག་པ། ཁ་སྐམ་ཞིང་སོ་དྲེག་ཆགས་པ། ལུས་ལྕི་དང་ག་མི་བདེ་སྐོམ་དད་ཆེ་བ། བསིལ་གྲིབ་ཀྱི་གནས་འདོད་པ་དང་། ལུས་ལ་རྔུལ་དྲི་མནམ་པ།
རྩ་སྦོམ་ལ་དྲག་པ་དང་། འབུར་འདྲིལ་གྲིམས་མཁྲང་མྱུར་ལ་མགྱོགས་པ།
དྲི་ཆུའི་མདོག་དམར་སེར་ལ་དྲི་དང་རླངས་པ་ཆེ་བ་དང་ཀུ་ཡ་མཐུག་པ།
ལྕེ་མདོག་སེར་སྐྱ་ཆགས་པར་ཁ་ཏིག་ཁ་བ།
གཞོགས་འདེགས་བརྟག་དཔྱད།
ནད་གཞི་འདི་ལ་འབྲེལ་ཡོད་བརྟག་དཔྱད་ལས་གནས་སྐབས་རྒྱུན་ལྡན་མིན་པའི་སྣང་ཚུལ་མ་མཐོང་ལ། རྗེས་མ་མཐོང་ཚེ་ཁ་གསབ་བྱེད་ངེས།
འཁྲུལ་སོ་བསལ་བ།
སྟོངས་ཚད་དང་འཁྲུལ་སོ་བསལ་བ། སྟོངས་ཚད་གྱི་ནད་འདིར་ཚ་བའི་རྟགས་ཡོད་ཀྱང་བསིལ་བཅོས་ཀྱིས་གནོད་པ་དང་། འཕར་རྩའི་གྲངས་མགྱོགས་ཀྱང་ངོ་བོ་སྟོང་བ། སྐོམ་ཚད་ཆེ་ཡང་སྐོམ་མ་འཐུང་ཡང་བཟོད་ཐུབ་པ། ལྕེ་སྐམ་རུང་མདོག་དམར་ལ་ངོ་བོ་དམར་རྩུབ་ཆགས་པ། གཟེར་ཟུག་ཡོད་ཀྱང་གནས་ངེས་མེད་དུ་འཕོ་བ། རླུང་ཁ་གནོན་པའི་ཟས་རིགས་བསྟེན་ན་ཕན་སྙམ་བྱེད་པ།
འགྲམས་ཚད་དང་འཁྲུལ་སོ་བསལ་བ། འགྲམས་ཚད་ཀྱི་ནད་དེ་ཕྱི་ནང་གི་གནས་གང་རུང་དུ་འགྲམས་ཡོད་ཏེ། ལུས་ཡོངས་སུ་ན་ཞིང་གཟེར་བ་དང་། ལུས་འགུལ་དཀའ་བ། ཚ་བ་རྒྱག་པ། རྩ་རྒྱུད་ཕྲ་ལ་མགྱོགས་པ། དྲི་ཆུ་དམར་ལ་ཉོག་པ། འགུལ་འཁྲུགས་བྱུང་སྐབས་དེ་བས་སྡུག་ཏུ་འགྲོ་བ་སོགས་ཀྱི་མངོན་ཚུལ་ཡོད་པ།
གསོ་ཐབས།
གསོ་ཚུལ།
ཚ་བ་སྟོབས་ཆེན་ལ་གཉེན་པོ་ཐོག་བབ་ཏུ་བསྟེན་པ་དང་། སྟོབས་ཆུང་འཇམ་ལ་ཞི་བས་བཅོས།
བཅོས་ཐབས།
ཟས། ཟས་སྐོམ་ཚ་སྐྱུར་ལན་ཚའི་རིགས་སྤང་བར་གསར་བཅུད་འཇུ་སླའི་རིགས་བསྟེན་པ།
སྤྱོད་ལམ། སྤྱོད་ལམ་མེ་དང་ཉི་མ་དྲག་ཤུལ་རྣམས་སྤང་བ་དང་། ཡིད་འོང་སྙན་ཚིག་བསིལ་གནས་དལ་བར་འདུག ཁྲུས་བྱ་མགོ་བཀྲུ་གོས་གསར་དྲི་མེད་བགོ
སྨན། སྤང་རྩི་༡༢ དང་། རྟ་ཟི་དམར་པོ། གཙོ་བོ་༨པ་སོགས་བསིལ་སྨན་རིགས་གཏོང་བ་དང་། གཞན་ཡང་སྐོམ་ཚད་ལ་ནོར་བུ་བདུན་ཐང་། འཕྲུལ་ཐང་། ན་སོ་རྒས་པ་དང་། བྱིས་པར་ཅུ་གང་༢༥ ཐང་ཆེན་༢༥ བློན་པོ༣ སྦྱོར། ཨ་གར་༣ ༥སོགས་ནད་རྟགས་དང་བསྟུན་ནས་གང་ལ་དེ་འཚམ་གྱིས་བེད་སྤྱོད་གཏོང་བ།
དཔྱད། སྤྱི་བཅོས་སྐབས་ཀྱི་བཤལ་ལམ་གང་ཤིས་སྦྱོང་། བ་ཆུའི་ལྕག་གིས་བསྐུལ་ལ་དག་པར་སྦྱང་། རྗེས་དཔྱད་ཚིགས་པ་བཅུ་གསུམ་བཅུ་དགུ་བསྲེག་པར་བྱ། རྒྱུད་ལུང་མན་ངག་སྤྱི་དང་ཁྱད་པར་དུ་རང་གི་མཐོང་བ་རྒྱུད་པའི་ཕྱག་ལེན་ལྟར་བཅོས་པར་བྱའོ།
ཕན་འབྲས་ཚད་གཞི།
སངས་དྲག
 གོང་གི་ནད་རྟགས་རྣམས་ཞི་བ་དང་ལུས་པོ་ཐ་མལ་དུ་ཚུད་པ།
སྐྱེད་ཆེ་བ།
 ལུས་ལ་ཚ་བ་ཆེན་པོ་རྒྱག་པ་དང་ལུད་པ་དམར་སེར་དུད་ཁུ་འདྲ་བ་མང་དུ་ལུ་བ། དབུགས་ཐུང་ལ་གཟེར་དྲག་པ། ཁ་སྐམ་ཞིང་སོ་དྲེག་ཆགས་པ། ལུས་ལྕི་དང་ག་མི་བདེ་སྐོམ་དད་ཆེ་བ། བསིལ་གྲིབ་ཀྱི་གནས་འདོད་པ་དང་། ལུས་ལ་རྔུལ་དྲི་མནམ་པ་བཅས་ཀྱི་ན་ལུགས་ལས་གང་གཙོ་ཆེར་བྱུང་བ་དེ་ཞི་ཞིང་། གཞོགས་འདེགས་བརྟག་དཔྱད་དང་རྩ་ཆུ་ལྕེའི་རྟགས་རྣམས་ཀྱང་ཕལ་ཆེར་རང་མལ་དུ་ཚུད་པ།
 སྐྱེད་ཆུང་བ།
 ན་ལུགས་གཙོ་བོ་དེ་མ་ཞི་བའམ། ནད་རྟགས་འགའ་རེ་ཞི་ཡང་རྩ་ཆུར་འགྱུར་ལྡོག་ཆུང་བ།
སྐྱེད་མེད་པ།
 ཕན་སྐྱེད་ཅི་ཡང་མ་བྱུང་བའམ་ཇེ་སྡུག་ཏུ་ཕྱིན་པའོ། །
གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།