0971-8201019
མ་ཤོག > སྨན་བཅོས། > དོན་སྣོད་ཀྱི་སྐོར། >

 

 

སྙིང་འཕྱོས།

ཡོང་ཁུངས།   བོད་ཀྱི་གསོ་རིག་དྲ་བ།   |   ཀློག་གྲངས།    


སྙིང་འཕྱོས་ནི་མྱ་ངན་དང་ཞེ་སྡང་དྲག་པོ་སོགས་ཀྱིས་གྱེན་རྒྱུ་རླུང་འཁྲུགས་པར་བྱེད་ནས་དྲན་པའི་དབང་བོ་མི་གསལ་བར་གྱུར་པའི་ནད་ཅིག་ལ་ཟེར།
རྒྱུ་རྐྱེན།
མྱ་ངན་དང་སེམས་ལས་ཆེན་པོ་བྱེད་པ། སེམས་འཁྲུགས་པ་དང་ཡིད་མི་བདེ་བ་སོགས་ཀྱིས་སློང་བ་ཡིན།
ནད་རྟགས།
མགོ་ན་ཞིང་བརྗེད་ངེས་ཆེ་བ་དང་ཤེས་པ་འཕྱོ་ལ་དོན་མེད་དུ་སྙིང་མི་དགའ་བ། རེས་འགའ་མ་དྲིས་ཡང་མུ་ཅོར་སྨྲ་བ་དང་རེས་འགའ་དྲིས་ཀྱང་ལན་མི་ལྡོག་པ། ལྐོག་བརྡ་སྤྲོད་ལུགས་བྱེད་ཀྱང་གཞི་རྩའི་དྲན་ཤེས་གསལ་པ། སྐབས་རེར་ངུ་འབོད་བྱེད་པ་དང་སྐབས་རེར་གླུ་གཞས་གཏོང་བ། གནས་གཅིག་ཏུ་སྡོད་མི་ཐུབ་པ། རང་གི་ཞེན་ཆགས་བྱེད་ས་གང་ཡིན་པ་དེར་སེམས་འཁོར་ནས་བྱ་བ་བྱེད་པ།
ཇེ་སྡུག་ཏུ་སོང་ཚེ་ལུས་ཀུན་ཟུག་ཅིང་གློ་བུར་དུ་དྲན་པ་ཐོར་ནས་སར་འགྱེལ་ཏེ་སྐར་མ་ཁ་ཤས་རིང་དབུགས་སྒོང་བའམ་ཡང་ན་འཚང་ཆེ་བ། མིག་བཙུམ་ཤིང་ཁ་མི་གྲཊ་པར་སྡོད་པ། ཡན་ལག་རེངས་པ།  གཞན་ཡང་བྲང་གཞུང་དཀར་ནག་མཚམས་སོགས་སུ་རླུང་གསང་རྣམས་བརྫིས་ནས་ན་བ་དང་མ་བཅོས་རྙིངས་ན་སྙིང་རླུང་སྨྱོན་པར་འགྱུར་བ་ཡིན།
འཕར་རྩའི་རྒྱུ་བ་སྟོང་ལ་ཅུང་འདར་ལ་ངང་རྒྱུད་མི་སྙོམས།
དྲི་ཆུའི་མདོག་སྔོ་ཞིང་སླ་ལ་ལྦུ་བ་ཆེ་བ།
ལྕེ་དམར་ལ་རྩུབ་པ་སྐབས་སུ་གྱོང་བའང་ཡོད།
གཞོགས་འདེགས་བརྟག་དཔྱད།
 ནད་གཞི་མངོན་གསལ་ལྡང་དུས་སྙིང་རིས་ལས་སྙིང་གི་འཕར་ཚུལ་མི་སྙོམས་པའི་རྟགས་མངོན་པ། དེ་མིན་འཕྲུལ་ཆས་བརྟག་འབྲས་ལས་འགྱུར་ལྡོག་ཡོད་པ་མི་གསལ།
འཁྲུལ་སོ་བསལ་བ།
སྙིང་འཕྱོས་ནད་འདི་སྲོག་རླུང་དང་སྨྱོ་ནད་ལ་ནོར་ཉེན་ཆེ་སྟེ། སྙིང་འཕྱོས་ནད་འདི་གཙོ་བོ་ཤེས་པ་འཕྱོ་བ་དང་བརྗེད་ངེས་ཆེ་བ། ནད་རྙིངས་ཚེ་སྨྱོ་ནད་དུ་འགྱུར་བ། དེའི་རྒྱུ་རླུང་དང་རྐྱེན་བསམ་བློར་ཕོག་ཐུག་བཏང་བ་སོགས་མངོན་པས་འདྲ་བར་སྣང་ཡང་ཁྱད་པར་སྙིང་འཕྱོས་མགོ་ན་ཞིང་དོན་མེད་དུ་སྙིང་མི་དགའ་བ་དང་ཤུ་ཡིས་འདེབས་པ་དང་སྨྲ་འཆལ་བ་ཡིན། སྲོག་རླུང་ནི་དབུགས་ནང་དུ་སྡུད་དཀའ་བ་དང་དོན་མེད་དུ་ངུ་འདོད་སྐྱེས་པ་ཡིན། སྨྱོ་ནད་སྙིང་རླུང་མ་བཅོས་རྙིངས་པ་དང་ཡང་ན་གདོན་གང་ཞུགས་ལས་དེ་རྟགས་སྟོན་པ་ཡིན་པས་འཁྲུལ་སོ་སེལ་དགོས།
གསོ་ཐབས།
གསོ་ཚུལ།
 རླུང་ཁ་གནོན་པ་དང་ནད་བབས་དང་བསྟུན་ནས་སྨན་དཔྱད་སོགས་མཛོ་ཁལ་ལུག་ཁལ་ལྟ་བུའི་བཅོས་བསྟེན་དགོས།
བཅོས་ཐབས།
ཟས། གསར་བཅུད་འཇུ་སླ་བའི་ཟས་དང་འབྲི་དང་མཛོ་མོ་ལུག་གི་འོ་མ་བསྐོལ་བ་དང་ནོར་ལུག་གི་ཤ་ཁུ་སྣུམ་མེད་པ་སོགས་བསྟེན་དགོས། ཇ་རྒོད་དང་བཅུད་མེད་ཀྱི་ཁ་ཟས་རིགས་སྤང་དགོས།
སྤྱོད་ལམ། ནད་རྐྱེན་གསལ་པོར་བརྟགས་ནས་འཚོ་བའི་འདུ་ཤེས་འཛིན་ཚུལ་་ཁོང་ཡངས་ཤིང་དཀྱེལ་ཆེ་བ་དང་། ཡིད་འོང་གི་གྲོགས་དང་སྙན་མོ་ཚིག་གིས་བསམ་བློའི་ཁ་ཕྱོགས་བསྒྱུར་ནས་སེམས་གསོ་གང་ལེགས་བྱ་དགོས།
སྨན། ཐོག་མར་སྔ་མོ་བྱེ་རེངས་སེམས་བདེ་དང་ཉིན་གུང་བརྒྱད་ལྔ། ཕྱི་དྲོ་འབྲོང་རྩེ་ཨར་བརྒྱད། དགོང་མོ་ཨ་གར་སོ་ལྔ་ཤ་ཁུའམ་འོ་མས་ཕུལ་དགོས། གསོ་བྱའི་ནད་ཀྱི་འགྱུར་ལྡོག་ལ་གཞིགས་ནས་སྨན་བི་མ་ལ་དང་ཛ་ཏི་བཅུ་བཞི། བཙན་དུག་སྨན་མར་སོགས་དང་དེ་མིན་རྒྱུད་དང་ཉམས་ཡིག་གཞན་ནས་བསྟན་པའི་འབྲེལ་ཡོད་སྨན་སྦྱོར་དང་ཡང་ན་རང་ཉིད་ཀྱི་མཐོང་བ་བརྒྱུད་པའི་ཕྱག་ལེན་ལྟར་བཅོས་ན་ལེགས།
དཔྱད། མཐིལ་བཞི་རླུང་གི་གསང་ཡིན་པས་སྣུམ་བཞིའི་བྱུག་ན་ཕན་པ་ཆེ་བ་ཡིན། དེ་མིན་བསྐུ་མཉེ་དང་དྲོད་དུགས་བྱེད་པ་དང་། རྒྱབ་ཀྱི་ཚིཊ་པ་བདུན་པ་དང་བྲང་གཞུང་དཀར་ནག་མཚམས། སྤྱི་གཙུག་བཅས་ཀྱི་གསང་རྣམས་སུ་མེ་བཙའ་འཇོག་པར་བརྟེན་ནས་གསོ་བཅོས་བྱ་དགོས།
ཕན་འབྲས་ཚད་གཞི།
སངས་དྲག།
 གོང་གསལ་གྱི་ནད་རྟགས་རྣམས་ཞི་བ་དང་ལུས་པོ་ཐ་མལ་དུ་ཚུད་པ།
སྐྱེད་ཆེ་བ།
 མགོ་ན་ཞིང་བརྗེད་ངེས་ཆེ་བ་དང་ཤེས་བ་འཕྱོ་ལ་དོན་མེད་དུ་སྙིང་མི་དགའ་བ། རེས་འགའ་མ་དྲིས་ཡང་མུ་ཅོར་སྨྲ་བ་དང་རེས་འགའ་དྲིས་ཀྱང་ལན་མི་ལྡོག་པ། སྐབས་རེ་ངུ་འབོད་བྱེད་པ་སོགས་ལས་གང་གཙོ་ཆེར་བྱུང་བ་དེ་ཞི་ཞིང་། གཞོགས་འདེགས་བརྟག་དཔྱད་དང་རྩ་ཆུ་ལྕེའི་རྟགས་རྣམས་ཀྱང་ཕལ་ཆེར་རང་མལ་དུ་ཚུད་པ།
སྐྱེད་ཆུང་བ།
ན་ལུགས་གཙོ་བོ་དེ་མ་ཞི་བ། ནད་རྟགས་འགའ་རེ་ཞི་ཡང་རྩ་ཆུར་འགྱུར་ལྡོག་ཆུང་བ།
སྐྱེད་མེད་པ།
ཕན་སྐྱེད་ཅི་ཡང་མ་བྱུང་བའམ་ཇེ་སྡུག་ཏུ་ཕྱིན་པ།
 
གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།