0971-8201019
མ་ཤོག > སྨན་བཅོས། > དོན་སྣོད་ཀྱི་སྐོར། >

 

 

སྙིང་ཚད།

ཡོང་ཁུངས།   བོད་ཀྱི་གསོ་རིག་དྲ་བ།   |   ཀློག་གྲངས།    


 ཆང་རག་བསྟེན་དྲགས་པ་དང་ཆམ་རིམས་དུས་ཡུན་རིང་པོར་གསོ་བཅོས་མ་བྱས་པ་སོགས་ལས་ཚ་བ་སྙིང་ལ་བབས་པའི་ནད་ཅིག་ཡིན།
རྒྱུ་རྐྱེན།
ཆང་སོགས་ཟས་སྐོམ་ཚ་སྐྱུར་རིགས་བསྟེན་དྲགས་པ་དང་བསམ་བློ་ཕོག་ཐུག་བྱུང་བ། ཆམ་རིམས་སོགས་རྙིངས་ནས་སྙིང་ལ་ཞེན་པ་སོགས་ཀྱིས་བསླངས་པའོ།
ནད་རྟགས།
བྲང་དང་རྒྱབ་ལ་མེ་བཏང་བ་དང་འདྲ་བར་ཚ་འུར་རྒྱག་པ། སྙིང་ལ་ན་ཟུག་གཏོང་བ་དང་མིག་སྤྲིན་དམར་པོ་ཆགས་པ། གདོང་དང་བྲང་ལ་སྲིན་ཐོར་ཡོང་བ།
སྙིང་གཡུགས་པ། ཚིག་པ་ཟ་ལ་གློ་སྙིང་མི་བདེ་ལ་ཤེས་པ་འཚུབ་པ། དང་ག་འགག་ལ་ནུ་མའི་སྟེང་དུ་གཟེར་བ། གཉིད་དང་སྐོམ་དད་ཆེ་ལ་ཟས་ཀྱི་དྲི་མི་ཚོར་བ་བཅས་འབྱུང་བ་ཡིན།།
 རྩ་རྒྱུད་མགྱོགས་ལ་སྙིང་རྩ་གྲིམས་པ་ཡིན།
ཆུ་དཀར་སེར་ལྦུ་བ་སངས་རྐྱེན་པ་སོགས་ཀྱི་མངོན་ཚུལ་ཡོད།
ལྕེ་ཐུང་ལ་ལྕེ་མཆུ་སྐམ་པ་དང་ལྕེ་གཞུང་ལ་དྲེག་པ་ནག་པོ་ཆགས་པ།
གཞོགས་འདེགས་བརྟག་དཔྱད།
སྙིང་གི་པར་རིས་ལས་གཉིས་ཡན་ཆད་ཀྱི་འདྲེན་འབྲེལ་STདུམ་ཚན་ཆུ་སྙོམས་དབྱིབས་སམ་འོག་གསེག་རྣམ་པར་འོག་སྤོ་0.05MVཡང་ན་STདུམ་ཚན་རྒྱུན་འགལ་མཐོར་འདེགས་དང་རྒྱུན་འགལ་Qརླབས་མངོན་པ། དྭངས་ཁྲག་ལས་སྙིང་ཤའི་ཤ་ཀལ་སྤྲི་དཀར་Ⅰདང་ཤ་ཀལ་སྤྲི་དཀར་TCK-MBམངོན་གསལ་དུ་ཇེ་མཐོ་ཡིན་པ། སྒྲ་བརྒལ་སྙིང་གི་པར་རིས་ལས་སྙིང་ཁོག་ཇེ་ཆེར་དང་སྙིང་གི་བྱེད་ལས་ཞན་པ་སོགས་མཐོང་ཐུབ།
འཁྲུལ་སོ་བསལ་བ།
སྙིང་ཚད་དང་སྙིང་གཟེར། གློ་ཚད་ལ་ནོར་ཉེན་ཆེ་སྟེ། སྤྱིར་རོ་སྟོད་གཟེར་ལ་ནུ་མའི་སྟེང་དུ་ན་བ་དང་། གཉིད་དང་སྐོམ་དད་ཆེ་བ། གློ་སྙིང་མི་བདེ་བ་སོགས་མངོན། ཁྱད་པར་སྙིང་ཚད་བྲང་དང་རྒྱབ་ལ་མེ་བཏང་བ་དང་འདྲ་བར་ཚ་འུར་རྒྱག་པ། གདོང་དང་བྲང་ལ་སྲིན་འཐོར་ཡོང་བ། སྙིང་གཡུགས་པ་བཅས་ཀྱི་རྟགས་མངོན་པ་དང་། སྙིང་གཟེར་ནི་མིག་གི་འབུར་ཚིགས་སུ་་བལྟ་ཞིང་དབུགས་རྒོད་ལ་ཞེན་འཁུན་བྱེད་པ་དང་། གློ་ཚད་ནི་བྲང་དང་མིད་པའི་གནས་སུ་ཚ་ཙག་བྱེད་པ་དང་ཁྱད་པར་གློ་ལུ་ཞིང་དབུགས་མི་བདེ་བ་སོགས་ཀྱིས་འཁྲུལ་སོ་བསལ་དགོས།
གསོ་ཐབས།
གསོ་ཚུལ།
 སྟོབས་ཆེན་དར་དྲག་ཐོག་བབས་བསད་པ་དང་སྟོབས་ཆུང་འཇམ་ལ་ཞི་བའི་བཅོས་བསྟེན་དགོས།
 བཅོས་ཐབས།
ཟས། གསར་བཅུད་ཀྱི་ཟས་དང་ཆུ་གྲང་བསྟེན་དགོས་ཚ་སྐྱུར་དང་ཆང་ལ་འཛེམ་དགོས།
སྤྱོད་ལམ། བསིལ་སར་དལ་བར་འདུག་པ་དང་ཆམ་རིམས་སོགས་ལ་འཛེམ་དགོས། །
སྨན། ཏང་ཀུན་བརྒྱད་པ། (ནད་འདི་གཉན་དང་མ་འདྲེས་བའི་ཚ་རྐྱང་ཆེར་མི་འབྱུང་བས་ག་བུར་དང་གཏར་ག་གཟབ་དགོས། )སླེ་ཏྲེས་བདུན་ཐང་། བི་མ་ལ་དང་ཙན་དན་སུམ་ཐང་ལྟག་སྤྲོད་བྱེད་པ། དེང་དུས་ཚད་པར་གཉན་དུ་འཁྲིལ་ཆེ་བས་སྤང་རྩི་བཅུ་གཉིས་དང་ཁྱུང་ལྔ་སོགས་དང་། དེ་མིན་རྒྱུད་དང་ཉམས་ཡིག་གཞན་ནས་བསྟན་པའི་འབྲེལ་ཡོད་སྨན་སྦྱོར་དང་ཡང་ན་རང་ཉིད་ཀྱི་མཐོང་བ་བརྒྱུད་པའི་ཕྱག་ལེན་ལྟར་བཅོས་བར་བྱའོ། །
དཔྱད། ལྕེ་རྩ་དང་སྒང་རྩ་གཏར་བ་དང་སོར་མོ་བཅུའི་རྩེ་གཏར་བ་བཅས་བྱ་དགོས།
ཕན་འབྲས་ཚད་གཞི།
སངས་དྲག
 གོང་གསལ་གྱི་ནད་རྟགས་རྣམས་ཞི་བ་དང་ལུས་པོ་ཐ་མལ་དུ་ཚུད་པ།
སྐྱེད་ཆེ་བ།
བྲང་དང་རྒྱབ་ལ་མེ་བཏང་བ་དང་འདྲ་བར་ཚ་འུར་རྒྱག་པ། སྙིང་ལ་ན་ཟུག་གཏོང་བ་དང་མིག་སྤྲིན་དམར་པོ་ཆགས་པ། གདོང་དང་བྲང་ལ་སྲིན་འཐོར་ཡོང་བ་སོགས་ཀྱི་སྣང་ཚུལ་འཇགས་པ་སོགས་ལས་གང་གཙོ་ཆེར་བྱུང་བ་དེ་ཞི་ཞིང་། གཞོགས་འདེགས་བརྟག་དཔྱད་དང་རྩ་ཆུ་ལྕེའི་རྟགས་རྣམས་ཀྱང་ཕལ་ཆེར་རང་མལ་དུ་ཚུད་པ།
སྐྱེད་ཆུང་བ།
 ན་ལུགས་གཙོ་བོ་དེ་མ་ཞི་བ། ནད་རྟགས་འགའ་རེ་ཞི་ཡང་རྩ་ཆུར་འགྱུར་ལྡོག་ཆུང་བ།
སྐྱེད་མེད་པ།
       ཕན་སྐྱེད་ཅི་ཡང་མ་བྱུང་པའམ་ཇེ་སྡུག་ཏུ་ཕྱིན་པ
 
གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།