0971-8201019
མ་ཤོག > སྨན་བཅོས། > དོན་སྣོད་ཀྱི་སྐོར། >

 

 

སྙིང་ཆུའི་ནད།

ཡོང་ཁུངས།   བོད་ཀྱི་གསོ་རིག་དྲ་བ།   |   ཀློག་གྲངས།    


དེ་ནི་ཟས་སྤྱོད་མི་མཐུན་པ་དང་ནད་གཞི་བཅོས་ཉེས་པ་ལས་ལུས་ཀྱི་ཆུ་སེར་རྒྱས་ཏེ་རླུང་གི་གཏོར་ནས་ཐ་མར་དོན་ལྔའི་རྒྱལ་བོ་སྟེ། སྙིང་གི་གྲུབ་ཆའི་ཆ་ཤས་ལ་ནད་འགྱུར་བྱུང་སྟེ་སྙིང་ལ་ཆུ་སེར་ཞུགས་པའི་ནད་ཅིག་རེད།
རྒྱུ་རྐྱེན།
       ཚ་བ་མ་སྨིན་པའི་སྐབས་སུ་ཚ་བ་བཅོས་སྔས་པའམ་བསིལ་སྨན་ཐལ་བ། རླུང་གིས་ཚ་བ་རྩ་མིག་ཏུ་བྱེར་ཏེ་ཁྲག་གཡོས་ནས་ཆུ་སེར་འཕེལ་པ་དང་སྲིན་ནད་རྙིངས་པ་ཡིས་ཆུ་སེར་རྒྱས་པ། དེ་མིན་སྙིང་ཚད་བཅོས་ཉེས་པས་ཆུ་སེར་རྒྱས་པ་བཅས་ཀྱིས་བསྐྱེད་པ་ཡིན།
ནད་རྟགས།
 ཐོག་མར་ཞུགས་པའི་སྐབས་སུ་སྣ་སྦུག་དང་གྲེ་བ་ཚ་ཞིང་ན་བ་དང་། གྲང་ཤུམ་ལངས་བ། ཚིགས་གཞི་ན་བ། ལུས་རྔུལ་བ་སོགས་མངོན་པ། སྙིང་གཡུགས་པ་དང་། ཁོང་འདར་བ། སེམས་འཚུབ་ལ་གཉིད་ཡེར་བ་དང་མཆུ་ཏོར་ཤུ་ཐོར་དོན་པ། སྙིང་འཕར་བའམ་སྐྲགས་སྣང་སྐྱེས་པ། གཉིད་ཆུང་ལ་སྙིང་འཕྱོ་བའམ་དམ་པོ་བསྡམས་པའི་ཉམས་སྣང་སྐྱེས་པ།
       གཉིད་ལོག་ལྟ་བུ་སྐེ་དང་མཇིང་པའི་རྒྱུད་ཀྱི་འཕར་རྩ་སྤྲུགས་པ། སྙིང་ཤུགས་ཉམས་པ་དང་དབུགས་འཚངས་པ། ལ་ལར་ངོ་ཁབ་ཡོད་པ། རྐང་བོལ་དང་ངར་གདོང་སོགས་སྐྲངས་པ།
      རྩ་རྒྱུད་འདར་ལ་རྒྱུ་བ་དཀའ་བར་སྙམ་པའམ་བྱིངས་ལ་གཏིང་ཏུ་གྲིམས་ཤ་ཡོད་པ། །
      ཆུ་མདོག་སེར་ཁ་ཆགས་པ་དང་ལྦུ་བ་སོབ་ལ་གཡུང་བ། །
      ལྕེ་དམར་ལ་འཇམ་པ་དང་ལ་ལར་འབྲུམ་པ་དམར་པོ་ཡོད་པ།
གཞོགས་འདེགས་བརྟག་དཔྱད།
       ཁྲག་པྲ་ལས WBCདང་ESCསོགས་ཇེ་མཐོར་ཡིན་པ། Xལས་སྙིང་གི་གྲིབ་གཟུགས་ཕྱོགས་གཉིས་སུ་ཇེ་ཆེར་ཡིན་པ། ལྷག་པར་དུ་གློ་བར་མངོན་གསལ་གྱི་ཁྲག་རྒྱས་པའི་སྣང་ཚུལ་མེད་ཀྱང་སྙིང་གི་དབྱིབས་ཇེ་ཆེར་ཡིན་པ་ནི་སྙིང་ཆུའི་ནད་ཀྱི་ངོས་འཛིན་རྟགས་གཙོ་བོ་ཡིན། སྙིང་གི་པར་རིས་ལས་STདུམ་ཚན་ཇེ་མཐོ་ཡིན་པ། ཉིན་འགའི་རྗེས་སུ་Qདུམ་དམའ་བར་ལྡོག་པ། རྒྱུན་དུ་རྐོང་གཤིས་སྙིང་གི་འཕར་འགྲོས་མགྱོགས་པའི་སྣང་ཚུལ་མངོན་པ།
འཁྲུལ་སོ་བསལ་བ།
       སྙིང་ཚད་དང་འཁྲུལ་སོ་བསལ་བ། མྱོས་པ་དང་འཐིབ་པ། མིག་དམར་ལ་རོ་སྟོད་གཟེར་བ། སྙིང་འཕར་གྲི་ཡིས་གཏུབ་སྙམ་བྱེད་པ། ལྕེ་སྐམ་ཐུང་བ།
       སྙིང་རླུང་དང་འཁྲུལ་སོ་བསལ་བ། ལུས་འདར་སྟོད་བརྒྱངས་ཤེས་པ་འཁྲུལ་བ། སྨྲ་འཆལ་མགོ་འཁོར་གཉིད་ཆུང་ལ་ཤུ་ཡུས་འདེབས་པ།
གསོ་ཐབས།
གསོ་ཚུལ།
ཆུ་སེར་སྐེམ་པ་དང་གཉན་ཁ་གཅོག་པ། ནད་དེ་ཡི་སློང་རྐྱེན་ལ་གསོ་བཅོས་གང་ལེགས་བྱེད་པ་བཅས་ལ་བརྟེན་ནས་གསོ་བཅོས་བྱེད་དགོས།
     བཅོས་ཐབས།
     ཟས། ཆང་རག་དང་། ཕག་ཤ་ལྟ་བུ་ཚ་ལྕི་ཆེ་བའི་ཟས་སྐོམ་རིགས་མི་བསྟེན་པ།
     སྤྱོད་ལམ། བསིལ་སར་དལ་བར་འདུག་པ། རྒྱུན་དུ་འཚོ་བའི་སྟེང་ཚ་བ་གསོ་བཅོས་བྱེད་སྐབས་ཚ་བ་དུས་དྲུག་གི་གསོ་ཚུལ་ལ་དོ་སྣང་བྱེད་དགོས་པ་དང་། ཚ་བ་སེལ་བའི་སྨན་རང་སྣང་དུ་མི་བསྟེན་པ་སོགས་ལ་གཟབ་དགོས།
     སྨན། ཏང་ཀུན་བརྒྱད་པ་དང་། ཟངས་ཐལ་ཉེར་ལྔ། སྤོས་དཀར་བཅུ་བ། ཨ་གར་བརྒྱད་པ་སོགས་བསྟེན་དགོས།
     དཔྱད། གཞུང་དཀར་ནག་མཚམས་དང་ཚིགས་པ་དྲུག་པར་མེ་བཙའ་འཇོག་པ།
ཕན་འབྲས་ཚད་གཞི།
སངས་དྲག
གོང་གི་ནད་རྟགས་ཞི་བ་དང་ལུས་པོ་ཐ་མལ་དུ་ཚུད་པ།
     སྐྱེད་ཆེ་བ།
      སྣ་སྦུག་དང་གྲེ་བ་ཚ་ཞིང་ན་བ་དང་། གྲང་ཤུམ་ལངས་བ། ཚིགས་གཞི་ན་བ། ལུས་རྔུལ་བ་སོགས་མངོན་པ། སྙིང་གཡུགས་པ་དང་ཁོང་འདར་བ། སེམས་འཚུབ་ལ་གཉིད་ཡེར་བ་དང་མཆུ་ཏོར་ཤུ་ཐོར་དོན་པ། སྙིང་འཕར་བའམ་སྐྲགས་སྣང་སྐྱེས་པ། གཉིད་ཆུང་ལ་སྙིང་འཕྱོ་བའམ་དམ་པོར་བསྡམས་པའི་ཉམས་སྣང་སྐྱེས་པ་སོགས་ཀྱི་ལས་གང་གཙོ་ཆེར་བྱུང་བ་དེ་ཞི་ཞིང་། གཞོགས་འདེགས་བརྟག་དཔྱད་དང་རྩ་ཆུ་ལྕེའི་རྟགས་རྣམས་ཀྱང་ཕལ་ཆེར་ཐ་མལ་དུ་ཚུད་པ།
     སྐྱེད་ཆུང་བ།
       ན་ལུགས་གཙོ་བོ་དེ་མ་ཞི་བ། ནད་རྟགས་འགའ་རེ་ཞི་ཡང་རྩ་ཆུར་འགྱུར་ལྡོག་ཆུང་བ།
     སྐྱེད་མེད་པ།
       ཕན་སྐྱེད་ཅི་ཡང་མ་བྱུང་བའམ་ཇེ་སྡུག་ཏུ་ཕྱིན་པ།
 
གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།