0971-8201019
མ་ཤོག > སྨན་བཅོས། > གསང་ནད་ཀྱི་སྐོར། >

 

 

རེག་དུག

ཡོང་ཁུངས།   བོད་ཀྱི་གསོ་རིག་དྲ་བ།   |   ཀློག་གྲངས།    


རེག་དུག་གི་ནད་ཟེར་བ་དེ་ནི་འབྱར་འགོས་བྱུང་ནས་ཕོ་མོའི་མཚན་མའི་རྒྱུད་དུ་ཤ་འབུར་སྨུག་ནག་ཕྲེང་རྡོག་ཅན་དོན་པ་དང་། མཐར་གསུས་པ་བྲང་ཁོག་སོགས་ཀྱི་རྒྱུད་དུའང་འབུར་ཐོར་ལེབ་མོ་དོན་པ་དང་། རྨ་རུལ་ཆགས་པ་སོགས་ཀྱིས་ཡུན་རིང་མནར་བའི་ནད་ཅིག་རེད།
རྒྱུ་རྐྱེན།
    བསེ་ཤིང་གི་དུག་ལ་རེག་པའམ་འཁྱམས་འཆལ་བར་གང་བྱུང་འཁྲིག་སྤྱོད་བྱས་པ་བརྒྱུད་འགོས་འབྱར་བྱུང་ནས་བསླངསཔ་རེད།
ནད་རྟགས།
     ཕོ་མའི་མཚན་མའི་ཁ་འཁོར་དུ་ཤ་འབུར་སྨུག་ནག་ཕྲེང་རྡོག་ཅན་དོན་པ། གས་སྲུབས་ཤོར་ནས་རྨ་ལྷོག་ཆགས་པ། སྣེ་ས་ཁུད་ཀྱི་རྨེན་བུ་སྐྲངས་པ་སོགས་མཐར་རྐང་ལག་གི་མཐིལ་བཞི་དང་ལུས་ཁམས་སྟོད་སྨད་སོགས་གང་སར་སྨུག་ནག་ཅན་འབུར་ཐོར་ལེབ་མོ་དོན་པ།
    རྨ་རུལ་ཆགས་པ། སྣ་འགགས་པ། སྐད་འཛེར་བ། ད་དུང་ལྕེ་དང་། མིག་སྤྲིན། སྙིང་ཁམས། མཆིན་པ། རྩ་རྒྱུད་སོགས་ལ་ཡང་ནད་འགྱུར་བཟོ་བ། སྐྲ་དང་སྨིན་མ་བྱི་བ་སོགས་ཀྱི་མངོན་ཚུལ་ཡོད།
    འཕར་རྩའི་རྒྱུ་བ་ཕྲ་ལ་བྱིང་ཞིང་ཀན་རྩ་གྲིམས་པ།
     ཆུ་མདོག་དམར་སེར་ཡང་ན་མར་ནག་འདྲ་བ་སོགས་ཀྱི་མངོན་ཚུལ་འབྱུང་བ།
    མིག་སྤྲིན་དང་ལྕེ་མདོག་སྐྱ་སེར་འབྱུང་།
གཞོགས་འདེགས་བརྟག་དཔྱད།
    རེག་དུག་དུང་འཁྱིལ་གཟུགས་དྭངས་ཁྲག་བརྟག་པ་དང་།  ཁྲག་པྲ་ལས་TPལ་བརྟག་པ།
འཁྲུལ་སོ་བསལ་བ།
གཉན་མེ་དབལདང་སིབ་བིའི་ནད་ལ་འཁྲུལ་སོ་སེལ་དགོས་ཏེ། གཉན་མེ་བདལ་ནི་ཤ་ཝགས་གཡའ་ཞིང་བརྩེ་བ། སྐབས་སུ་ཚ་ཏཱག་བྱེད་པ། འབྲུམ་པ་དམར་ལ་ཞིབ་པར་མཆེད་པ་ཧ་ཅང་མྱུར་བ། རྐེད་པ་འཁོར་བར་ན་བ། སིབ་བེའི་ནད་ནི་ནད་དུག་འགོས་ཁྱབ་བྱུང་སྟེ་ལུས་ཁམས་ཀྱི་ཁྲག་དང་ཆུ་སེར་ལ་གཉན་ཚད་བབས་ནས་ལུས་ཡོངས་ལ་ཐོར་བ་དམར་པོ་སིབ་སིབ་དོན་པར་ལུས་བརྩེ་ཞིང་མགོ་དང་རྐང་ལག་ན་བ། ཆམ་པ་བྱུང་བ་དང་འདྲ་བའི་ནད་ཅིག་རེད།
   གསོ་ཚུལ།
གཉན་ཁ་གཅོག་པ་དང་ནད་དུག་སེལ་བ།
     གསོ་ཐབས།
     ཟས། ར་ཤ་དང་། ར་ཁྲག་ལས་བྱས་པའི་ཟས་སྐོམ་རིགས་བསྟེན་པ།
       སྤྱོད་ལམ། མུ་ཟི་དང་འདྲེས་པའི་ཆུ་ཚན་རྒྱག་པ། རེག་དུག་གི་ནད་ཡོད་པ་ལ་གང་རུང་དུ་འཁྲིག་སྤྱོད་མི་བྱེད་པ།
       སྨན། སེང་ལྡེང་བཞི་བ། དངུལ་ཆུ་བཅོ་བརྒྱད། དངུལ་བཙོ་དགུ་བ། སུ་མི་བཞི་བ། ག་བུར་བཅུ་གསུམ་སོགས་བསྟེན་པ།
       དཔྱད། རུ་ཐུང་དང་ལོང་རྩ་གཏར་བ།
ཕན་འབྲས་ཚད་གཞི།
སངས་དྲག
གོང་གི་ནད་རྟགས་རྣམས་་ཞི་བ་དང་ལུས་པོ་ཐ་མལ་དུ་ཚུད་པ།
སྐྱེད་ཆེ་བ།
ཕོ་མའི་མཚན་མའི་ཁ་འཁོར་དུ་ཤ་འབུར་སྨུག་ནག་ཕྲེང་རྡོག་ཅན་དོན་པ། གས་སྲུབས་ཤོར་ནས་རྨ་ལྷོག་ཆགས་པ། སྣེ་ས་ཁུད་ཀྱི་རྨེན་བུ་སྐྲངས་པ་སོགས་མཐར་རྐང་ལག་གི་མཐིལ་བཞི་དང་ལུས་ཁམས་སྟོད་སྨད་སོགས་གང་སར་སྨུག་ནག་ཅན་འབུར་ཐོར་ལེབ་མོ་དོན་པ་བཅས་ཕལ་ཆེར་མེད་པར་གྱུར་ཏེ་ནད་མངོན་གསལ་གྱི་ཇེ་དགར་ཡིན་པ།
སྐྱེད་ཆུང་བ།
ན་ལུགས་གཙོ་བོ་དེ་མ་ཞི་བའམ་ཁྱད་པར་དུ་གྲང་ཤུམ་ཆད་པ། ནད་རྟགས་འགའ་རེ་ཞི་ཡང་ ་རྩ་ཆུར་འགྱུར་ལྡོག་ཆུང་བ།
སྐྱེད་མེད་པ།
ཕན་སྐྱེད་ཅི་ཡང་མ་བྱུང་བའམ་ཇེ་སྡུག་ཏུ་ཕྱིན་པ།
 
གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།