0971-8201019
མ་ཤོག > སྨན་བཅོས། > གསང་ནད་ཀྱི་སྐོར། >

 

 

ཚ་གླང་།

ཡོང་ཁུངས།   བོད་ཀྱི་གསོ་རིག་དྲ་བ།   |   ཀློག་གྲངས།    

ཚ་བའི་གླང་ཐབས་ནི་ཟས་སྤྱོད་ཚ་བའི་རྐྱེན་གྱིས་བསླང་ཤིང་ངོ་བོ་མཆིན་མཆེར་གཉིས་ཀྱི་ཁྲག་འཁྱགས་པ་དང་། ཁྲག་དང་མཁྲིས་པ་ཕོ་ལོང་དུ་ལྷུང་བ་ལས་གྱུར་པ།
རྒྱུ་རྐྱེན།
གཙོ་བོ་ཟས་སྐོམ་ཆང་སྐྱུར་སོགས་ངོ་བོ་ཚ་བ་དང་མི་འཕྲོད་པའི་རིགས་བསྟེན་པ། ཟས་དུག་ཕོག་པ་སོགས་མདོར་ན་རྒྱུ་རྐྱེན་ཚ་བའི་རིགས་ཀྱིས་བསྐྱེད་པ་རེད།
ནད་རྟགས།
ལུས་པོ་རྔུལ་བ་དང་གསུས་པ་ཆུང་ལ་ཕོ་བའི་གནས་སུ་ལྡང་དུབ་ཅན་གྱི་ན་ཟུག་དྲགས་པོ་འབྱུང་བ།
ཁྲག་གམ་མཁྲིས་པ་འཁྲུའམ་སྐྱུག་པར་བྱེད་ཤིང་། ཁོག་པ་སྦོ་འཁྲོག་བྱེད་ལ་ཚ་གླང་རྒྱག་པ།
ཕོ་ལོང་དུ་ཁྲག་ལྷུང་བའི་གླང་ཐབས་ཡིན་ན་ལུས་པོ་གྲང་རྗེས་ལྷག་པར་ན་ཞིང་རོ་རྒྱབ་མཆིན་དྲི་སྦྲགས་ནས་གཟེར་ལ་ཚ་རུམ་བྱེད་པ།
ཕོ་ལོང་དུ་མཁྲིས་བར་ལྷུང་ན་ཁ་སྐམ་ཞིང་སྐོམ་དད་ཆེ་བ། ཁ་ཁ་བ་དང་མཁྲིས་པ་སྐྱུགས་པ། གཟེར་ལ་སྒྲེགས་པ་འབྱུང་བ།
རྩ་ཆུར་ཚ་རྟགས་སྟོན་པ་ཡིན།
གཞོགས་འདེགས་བརྟག་དཔྱད།
ནད་འདི་ལ་གཞོགས་འདེགས་བརྟག་དཔྱད་ལས་རྒྱུ་ཤེལ་བརྟག་ན་ངོས་འཛིན་ཅུང་སླ་བ་དང་། དེས་རྒྱུ་ལོང་གི་ནད་གཞན་ཡོད་མེད་ཀྱི་འཁྲུལ་སོ་ཡང་སེལ་ཐུབ། ཁྱད་པར་དུ་ཕོ་ལོང་གཉིས་ནི་གླང་ཐབས་ཀྱི་ཡུལ་ཡིན་ལ་གནས་དེ་གཉིས་སུ་ཁྲག་ལྷུང་ན་གྲང་བ་སྟེ། ལུས་འཁྱགས་ཚེ་ན་ཟུག་ལྡང་ཞིང་སྒྲེག་པ་བྱེད་པ་དང་། སྐྱུག་མེར་ལངས་ལ་རོ་རྒྱབ་དང་མཆིན་དྲི་གཉིས་སྦྲགས་ནས་ན་བ་ཞེས་འཁོར་བའམ་འཐེན་པའི་ཚུལ་དུ་ན་བ་དང་ཕོ་ལོང་ཚ་རུམ་རུམ་བྱེད་པ།།
འཁྲུལ་སོ་བསལ་བ།
སྲིན་གླང་ནི་ཕོ་བ་དང་ལོང་གི་གནས་གང་དུ་ན་རུང་དེའི་ཡུལ་གྱི་ཤ་གྲིམས་སྲ་མཁྲེགས་ཆགས་པའི་གནས་ཚུལ་མེད་པ།
ཕོ་བའི་གླང་ཐབས་ལྷེན་འོག་ཟུག་གཟེར་ཡང་ཡང་གཏོང་བ།
མཁྲིས་བའི་གླང་ཐབས་རྩིབ་ཐུང་གཡས་གཡས་འོག་ཏུ་ཟུག་གཟེར་གཏོང་ཞིང་ཟུག་གཟེར་རོ་སྟོད་གཡས་པར་མཆེད་འགྲོ་བ། སྣོད་མཁྲིས་ཡུལ་དུ་གནོན་གཟེར་ཡོད་པ།
རྒྱུ་ལྷག་ནད་ཀྱི་གླང་ཐབས་ལྟེ་བའི་གཡསའོག་ཏུ་ཟུག་གཟེར་ཆེ་བ། རྒྱུ་ལྷག་ཡུལ་ཏུ་གནོན་ཟུག་དང་གློད་ཟུག་ཡོད་པ། ཁོག་པ་འཁྲུའམ་སྐྱུགས་པ།
རྒྱུ་འཁྲིལ་གྱི་གླང་ཐབས་ལྟེ་བའི་ཡུལ་དུ་ཟུག་གཟེར་རྒྱུན་མཐུད་ནས་གཏོང་བ། རྒྱུ་མའི་འགུལ་སྒྲ་ཆེ་བ། བཤང་བ་དང་འོག་རླུང་མི་ཐོན།
གཤེར་མའི་གླང་ཐབས་ལྷེན་འོག་གཡོན་ངོས་ཟུག་གཟེར་རྒྱུན་མཐུད་ནས་གཏོང་བ་དང་ཟུག་གཟེར་རྐེད་པར་མཆེད་འགྲོ་བ། ལྷེན་གཤམ་གཡོན་ངོས་སུ་གནོན་ཟུག་དང་གློད་ཟུག་ཡོད་པ།
སྨུག་པོའི་གླང་ཐབས་ཕོ་བའམ་རྒྱུ་ལོང་ཡུལ་དུ་ན་ཟུག་དྲགས་པོ་གཏོང་བ། སྐབས་འགར་ཆུ་སྐྱུར་དུད་ཁུ་ཅན་སྐྱུགས་པའམ་ཁྲག་ནག་འཁྲུ་བ།
ཚ་བའི་གླང་ཐབས་ལུས་ཁམས་འཁྱགས་ཚེ་ན་ཟུག་ལྡང་ཞིང་སྒྲེག་པ་བྱེད་པ་དང་སྐྱུག་ཚུལ་སྟོན་ལ་རོ་རྒྱབ་དང་མཆིན་དྲི་གཉིས་འཁོར་བ་དང་འཐེན་པའི་ཚུལ་དུ་ན་བ་དང་ཕོ་ལོང་ཚ་རུམ་རུམ་བྱེད་པས་སོ་སོ་གསལ།
གསོ་ཐབས།
གསོ་ཚུལ།
 ཚ་བའི་གླང་ཐབས་བསིལ་གྱིས་བཅོས།
བཅོས་ཐབས།
ཟས། ཚ་སྐྱུར་ཤས་ཆེ་བའི་རིགས་སྤང་ཏེ་ཞོ་དར་དང་མར་གསར་རི་དྭགས་ཤ་འབྲས་སོགས་འཇུ་སླ་ལ་ངོ་བོ་བསིལ་བའི་རིགས་བསྟེན་པར་བྱ།
སྤྱོད་ལམ། རྩོལ་དྲག་རིགས་སྤངས་ནས་རྩོལ་བཅག་རན་པར་བྱ།
སྨན། བྲག་ཞུན་སུམ་ཐང་བསྡུས་པའི་ཐང་ལ་དོམ་མཁྲིས་དང་གུར་གུམ་བཏབ་ནས་གཏོང་བ་དང་། ཨ་རུ་དགུ་བའི་ཕྱེ་མ་བསྟེན་པ་དང་། ཨ་རུ་བཞི་བའི་བཤལ་གྱིས་སྦྱོང་དགོས། དེ་མིན་ཁོང་སྨན་དུ་ཕན་པ་ཀུན་ལྡན་དང་དཔའ་བོ་ཉེར་ལྔ། ཟླ་ཤེལ། རུ་རྟ་དྲུག་པ་སོགས་གང་ལ་དེ་འཚམ་གྱིས་གཏོང་དགོས། ཚ་ཤས་ཆེ་ན་བྲག་ཞུན་དགུ་བ་དང་། བྲག་ཁྱུང་ལྟ་བུ་དང་། གཟེར་ཟུག་དང་སྦོས་བརྒྱངས་ཆེ་སྐབས་རུ་ཁྱུང་དང་གཡུ་ཁྱུང་སོགས་གཏོང་དགོས།
 དཔྱད། ཚ་གླང་ལ་དུགས་དང་གཏར་ག་ཕྱེ་མ་སྦྱོང་སོགས་ཀྱིས་བཅོས་དགོས་ཏེ། ཆུ་རྡོ་གྲང་མོས་ཕོ་བར་དུགས་རྒྱག་པ་དང་། རུ་ཐུང་ལོང་རྩ་སོགས་གཏར་བ་བཅས་རྒྱུད་ལུང་མན་ངག་སྤྱི་དང་ཁྱད་པར་རང་གི་མཐོང་རྒྱུད་ཕྱག་ལེན་ལྟར་བཅོས་པར་བྱའོ།
ཕན་འབྲས་ཚད་གཞི།
 སངས་དྲག
 གོང་གི་ནད་རྟགས་རྣམས་ཞི་བ་དང་ལུས་པོ་ཐ་མལ་དུ་ཚུད་པ།
སྐྱེད་ཆེ་བ།
 ལུས་པོ་རྔུལ་བ་དང་གསུས་པ་ཆུང་ལ་ཕོ་བའི་གནས་སུ་ལྡང་དུབ་ཅན་གྱི་ན་ཟུག་དྲགས་པོ་འབྱུང་བ་དང་། ཁྲག་གམ་མཁྲིས་པ་འཁྲུའམ་སྐྱུག་པར་བྱེད་ཅིང་ཁོག་པ་སྦོ་འཁྲོག་དང་ཚ་ལོང་རྒྱག་པ། ཁ་ཟས་ཀྱི་ཡི་ག་འགགས་པ། རྩ་ཆུར་ཚ་རྟགས་སྟོན་པ། དེ་མིན་ཚ་བ་རྒྱུ་མར་བབས་ཚེ་ཁ་དོག་དམར་སེར་ཅན་ཡང་ཡང་དུ་བཤལ་བ་དང་། མཁྲིས་བར་ལྷུང་ན་ཁ་སྐམ་ཞིང་སྐོམ་དད་ཆེ་ལ། ཁ་ཁ་བ་དང་མཁྲིས་པ་སྐྱུགས་ཤིང་གཟེར་ལ་སྒྲེགས་པ་འབྱུང་བ་སོགས་ཀྱི་ན་ལུགས་ཕལ་ཆེར་ཞི་བ།
  སྐྱེད་ཆུང་བ།
  ན་ལུགས་གཙོ་བོ་དེ་མ་ཞི་བ། ནད་རྟགས་འགའ་རེ་ཞི་ཡང་རྩ་ཆུར་འགྱུར་ལྡོག་ཆུང་བ།
  སྐྱེད་མེད་པ།
 ཕན་བསྐྱེད་ཅི་ཡང་མ་བྱུང་བའམ་ཇེ་སྡུག་ཏུ་ཕྱིན་པ།
 
གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།