0971-8201019
མ་ཤོག > གཞུང་ལུགས། > བྱ་བྱེད་སྨན་པ། >

 

 

༄༅།། རྒྱུན་སྲོལ་བོད་ཀྱི་སྨན་པའི་ཀུན་སྤྱོད། ༤

ཡོང་ཁུངས།   ཀྲུང་གོའི་བོད་ཀྱི་གསོ་རིག་དྲ་བ།   |   ཀློག་གྲངས།    

བཞི་པ།     སྨན་པའི་ལས་བཤད་པ །

      ༼བཤད་རྒྱུད༽སྨན་པའི་ལེའུ་ལས། སྨན་པའི་ལས་ལ་ཐུན་མོང་ཁྱད་པར་གཉིས།  །དང་པོ་ལུས་ངག་ཡིད་ཀྱི་བྱ་བའི་ལས། །ལུས་ཀྱིས་སྨན་དང་ཆ་བྱད་ཚོགས་པར་བསགས།     །ནད་པའི་བྱ་བ་གང་ཡིན་དོན་དུ་གཉེར།  །ངག་གི་ལས་ནི་ཁ་དམར་གདགས་པ་སྟེ། ངག་ཚིག་སྙན་པས་ནད་པ་སྤྲོ་བསྐྱེད་ནུས།  །ཡིད་ལས་མ་འཁྲུལ་བརྩོན་པས་བསམ་ཞིང་གཞིག   །ཅེས་གསུངས་པ་དང་།   གཉིས་པ་སྨན་པའི་ཁྱད་པར་གྱི་ལས་ནི།  །དེ་ཉིདལས།  ཁྱད་པར་ལས་ནི་ལྟ་སྒོམ་སྤྱོད་པ་གསུམ།  ལྟ་བ་ཆོས་རྣམས་ཀུན་ལ་དབུ་མར་རྟོགས།  །དམན་མཐའ་ལྷག་མཐའ་ལོག་པའི་མཐའ་སྤངས་པའི།   །ཡང་དག་དབུ་མར་ལྟ་བ་ལྟ་བའི་མཆོག    །སྒོམ་པ་ཚད་མེད་བཞི་ཡི་ངང་དུ་གནས།    །ལོག་པའི་གོལ་ས་གཞི་རུ་མ་ཤོར་གཅེས།   །སྤྱོད་པ་སྤང་བླང་གཉིས་ལས་མི་དགེ་སྤང་།   །སྨྱོ་འཆམ་ཐོ་ཅོ་སྡིག་པ་ངན་སྤྱོད་དོར།  །སྤྱིན་དང་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་སྤྱད།    །ཅེས་པ་ལྟར།   །སྨན་པའི་ཐུན་མོང་གི་ལས་ཞེས་པར་ལུས་ངག་ཡིད་གསུམ་དང་། །ཁྱད་པར་གྱི་ལས་ལྟ་སྒོམ་སྤྱོད་གསུམ་གསུངས་པ་ལས། །ཐུན་མོང་གི་ལས་ཞེས་པ་གོ་བ་དེ་བས་སྤྲོད་པ་དར་ཞིང་།   །ལྟ་སྒོམ་སྤྱོད་གསུམ་སྐོར་ལ་ནང་དོན་རིག་པ་དང་སྦྱར་ནས་གསུངས་པ་ལས།   སྨན་པར་དེ་ལྟ་བུའི་བཤད་ཚུལ་ཨེ་ཡོད་སྙམ་ན།   ངེས་པར་ཡོད་དོ། ༧ མི་དབང་པཎྜི་ཏ་སངས་རྒྱས་རྒྱ་མཚོས་༼བཤད་རྒྱུད་པེེ་སྔོན༽ནང་།  དེ་ལྟར་ལྟ་སྒོམ་ཞེས་པར་སྤྲོ་ན་བསམ་ལས་འདས་ཤིང་། ནང་དོན་རིག་པ་དང་སྦྱར་བ་ནི་བེེ་ཌཱུར་དཀར་པོ་མ་བུ་སོགས་གཞན་དུ་བཤད་པ་ལས་ཤེས་པར་བྱ་ཞིང་།  སྐབས་འདིར་སྨན་པ་ཁོ་ན་སྟེ་ཞེས་གསུངས་པ་དང་།   ཡང་དེའི་འཕྲོ་མཐུན་དེ་གསུངས་པར།  ཁྱད་པར་གྱི་ལས་ལྟ་སྒོམ་སྤྱོད་གསུམ་ཡོད་པའི་ལྟ་བ་ནི།  ཉམས་སུ་བླང་བར་བྱ་བའི་ཆོས་རྣམས་མ་ལུས་ཀུན་ལ་དབུ་མ་སྟེ་དྲང་པོ་ཁོ་ནར་རྟོགས་པར་བྱ་སྟེ། དེའང་ནད་ངོས་འཛིན་དང་སྨན་དཔྱད་སོགས་དམན་པའི་མཐའ་དང་།   ལྷག་པའི་མཐའ་དང་།    ལོག་པའི་མཐའ་སྟེ་རྣམ་པ་གསུམ་སྤངས་པའི་ཉམས་སུ་ལེན་ཚུལ་ཡང་དག་པ་དབུས་སུ་དྲང་པོའམ་དབུ་མར་ལྟ་བ་ནི་ལྟ་ཚུལ་རྣམས་ཀྱི་མཆོག་ཏུ་གྱུར་པའོ། །
       སྨན་པ་རྣམས་ཀྱིས་ཉམས་སུ་བླང་བ་ཁྱད་པར་དུ་བྱ་བ་ནི་སྒོམ་པ་སྟེ།   སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག   སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་མི་བྲལ་བར་གྱུར་ཅིག      ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ཆེན་པོ་ལ་གནས་ནས་འཇིག་རྟེན་གྱི་ཆོས་བརྒྱད་མགོ་སྙོམས་པར་གྱུར་ཅིག    སྙམ་དུ་ཚད་མེད་བཞིའི་ངང་དུ་གནས་པར་བྱའོ་ཞེས་དང་།    དེའང་ཕྱོགས་རིས་ཅན་དུ་སོང་ན་ལོག་པའི་གོལ་ས་ཡིན་པས་བྱས་པ་མི་གཟོ་བ་རྣམས་ལ་བྱམས་པ་དང་། སེམས་ཅན་ལ་སྡང་བ་རྣམས་ལ་སྙིང་རྗེ་བ་དང་།  སྨན་པ་གཞན་གྱིས་བལྟས་པའི་ནད་པ་ཤི་བ་ལ་དགའ་བ་དང་། ནད་པ་ཤི་གསོན་གང་ལའང་ཇི་མི་སྙམ་པར་བཏང་སྙོམས་སུ་གནས་པ་སྟེ་བཞི་རུ་མ་ཤོར་བ་གཅེས་སོ། །
       སྨན་པ་རྣམས་ཀྱི་ཁྱད་པར་དུ་སྤྱད་པར་བྱ་བའི་སྤྱོད་པ་ལ་སྤང་བར་བྱ་བ་དང་།    བླང་བར་བྱ་བ་གཉིས་ལས།   དང་པོ་ནི་སྲོག་གཅོད་པ་སོགས་ལུས་ངག་ཡིད་གསུམ་གྱི་སྒོ་ནས་མི་དགེ་བ་བཅུ་སྤང་བར་བྱ་ཞིང་། དེར་མ་ཟད་མ་རབས་ཀྱི་རྣམ་ཐར་སྨྱོ་སྤྱོད་དང་། འཆལ་གཏམ་དང་།     ཐོ་ཅོ་དང་།      སྡིག་ལབ་ལ་སོགས་པ་ཡ་རབས་ཡོན་ཏན་ཅན་རྣམས་དང་བསྲེ་མི་རུང་བའི་ངན་སྤྱོད་རྣམས་དོར་བར་བྱའོ། །ཞེས་གསུངས་འདུག

        སྨྱོ་འཆམ་ཐོ་ཅོའི་སྐོར་༼ གཡུ་ཐོག་རྙིང་མའི་རྣམ་ཐར༽ལས།  དུག་ཆུ་ཆང་ལ་དགའ་ན་སྨན་པ་སྨྱོ།  །གཡོ་སྒྱུ་སྡིག་ལ་དགའ་ན་སྨན་པ་སྨྱོ།  །མཐོ་འཇུག་ངན་ལ་སྡང་ན་སྨན་པ་སྨྱོ། །བུད་མེད་གཡེམ་ལ་དགའ་ན་སྨན་པ་སྨྱོ། །དོན་མེད་སྐུར་འདེབས་བྱེད་ན་སྨན་པ་སྨྱོ།  །སྨན་སྦྱོར་སྡེབས་ལ་མི་བརྟེན་སྨན་པ་སྨྱོ། །ཞེས་དང་།  ཡང་དེ་ཉིད་ལས། འཆལ་བ་ནི།       ཁས་བླངས་དོན་ཐོག་མི་རྒྱུག་སྨན་པ་འཆལ།   །བློ་བྲིད་རྫུན་འཕྲུལ་བྱེད་ན་སྨན་པ་འཆལ།  །
        ལེ་ལོ་ཆང་དབང་སོང་ན་སྨན་པ་འཆལ།   །མི་ཤེས་ཤེས་པར་རློམ་ན་སྨན་པ་འཆལ།   །མི་སྲོག་ཚོད་ལེན་བྱེད་ན་སྨན་པ་འཆལ།  ཤེས་མེད་འོ་དོད་འབོད་ན་སྨན་པ་འཆལ།  ཞེས་དང་།   ད་དུང་གསུངས་པར།   མྱོང་མེད་ཁ་ཏ་བྱེད་ན་སྨན་པ་འཁྲུལ།    །ཚ་གྲང་སྡེབས་ལ་མི་མཁས་སྨན་པ་འཁྲུལ།  །བསིལ་དྲོད་ཕྱོགས་ལོག་བྱེད་ན་སྨན་པ་འཁྲུལ།  །ཟས་དང་སྤྱོད་ལམ་མི་མཐུན་སྨན་པ་འཁྲུལ།  ཁ་དམར་གཏར་བསྲེག་མི་ཤེས་སྨན་པ་འཁྲུལ། ཚིག་དང་ཉམས་ལེན་འཛོལ་ན་སྨན་པ་འཁྲུལ། །ཞེས་གསུངས་སོ། །  
        ཡང་བྱང་པ་རྣམ་རྒྱལ་གྲགས་བཟང་གིས་མཛད་པའི་༼བཤད་པའི་རྒྱུད་ཀྱི་རྒྱ་ཆེར་འགྲེལ་པ་བདུད་རྩིའི་ཆུ་རྒྱུན༽ཞེས་པ་ལས། ངན་སྤྱོད་ལྔ་གསུམ་བཅོ་ལྔ་གསུངས་ཤིང་། དེ་དག་ནང་སྨྱོ་སྤྱོད་གསུམ་དོར་བ་ནི་།  ཕྱི་མའི་རྣམ་སྨིན་འཁུར་ན་སྨན་པ་སྨྱོ། །མཁས་ལ་མཉམ་དུ་རེ་ན་སྨན་པ་སྨྱོ།   །རང་བཅོས་གྲོགས་མགོ་འདོན་ན་སྨན་པ་སྨྱོ། །ཞེས་བྱ་བ་སྟེ་ཕྱི་མ་རྒྱབ་ཏུ་བོར་ནས་ཚེ་འདི་ལ་སྙན་གྲགས་ཅི་ཐོབ་དང་།  །ཟས་ནོར་ཅི་ཐོབ་བྱེད་པ་ནི་སྨྱོ་བ་ཡིན།   །ཚེ་འདི་བས་ཕྱི་མ་ཡུན་རིང་བའི་ཕྱིར་རོ། །
       སྨན་པ་རང་བས་མཁས་པ་གཅིག་བྱུང་བ་ལ་དེའི་འོག་ཏུ་མི་འཛུལ་བར་དྲེགས་པ་སྐྱེད་དེ་མཉམ་དུ་རེ་ནའང་སྨྱོ་བ་ཡིན་ཏེ་མཁས་པ་དེ་ཞེ་ཁྲེལ་སྐྱེ་བའི་ཕྱིར་རོ། །
སྨན་པ་མཉམ་པོ་གཉིས་ནད་པ་དབར་དུ་བཅུག་པ་ལ་ནད་པ་གསོ་བའི་དཀའ་སྤྱད་རང་གིས་འཁུར་ནས་མཁས་ཁྱད་ནོར་ཁྱད་རོགས་ལ་ཤོར་ནའང་སྨྱོ་བ་ཡིན་ཏེ་ཁོས་རང་བསླུས་པའི་ཕྱིར་རོ། །
      འཆལ་སྤྱོད་གསུམ་དོར་བ་ནི། བསླུ་བྲིད་རྫུན་འཕྲུལ་ཆེ་ན་སྨན་པ་འཆལ།   །ཁས་བླངས་དོན་ཐོག་མི་རྒྱུག་སྨན་པ་འཆལ།  །ལེ་ལོ་ཆང་དབང་སོང་ན་སྨན་པ་འཆལ།   །ཞེས་བྱ་བ་ནི།        བསླུ་བྲིད་ཀྱི་རྫུན་གྱིས་རྡེའུ་དང་སྐྲན་འདོན་པ་སོགས་བྱེད་ན་འཆལ་པ་ཡིན་ཏེ་རང་ཉིད་ཕྱིས་མི་བྲིམས་པའི་ཕྱིར་རོ། །ཁས་བླངས་པ་དེ་དོན་ཐོག་ཏུ་མི་རྒྱུག་པར་ཁ་མི་རྟག་ན་འཆལ་བ་ཡིན་ཏེ་རང་ལ་ཚད་མར་མི་འཛིན་པའི་ཕྱིར་རོ། །
      ལེ་ལོ་དང་ཆང་དབང་གིས་ནད་པ་ལ་གཡོལ་ན་འཆལ་བ་སྟེ་ནད་པ་བསླུས་ན་མི་ཡིས་འཕྱ་ཞིང་རང་འགྱོད་པའི་ཕྱིར་རོ། །
      ཐོ་ཅོའི་སྤྱོད་པ་གསུམ་དོར་བ་ནི།  བསླབ་ཤེས་མེད་པའི་དྲེགས་པ་ཐོ་ཅོ་ཡིན།  །རང་ལ་མེད་པའི་དཔལ་ཆོས་ཐོ་ཅོ་ཡིན།     །མཉམ་འགྲོགས་ཁྱད་གསོད་བྱེད་ན་ཐོ་ཅོ་ཡིན།   །ཞེས་བྱ་བ་སྟེ།   རང་ལ་བསླབ་ཤེས་ཀྱི་ཡོན་ཏན་ཅི་ཡང་མེད་པར་དྲགས་པ་ཆེན་པོ་བྱེད་ན་ཐོ་ཅོ་ཡིན་ཏེ་བསོད་ནམས་འགག་པའི་ཕྱིར་རོ། །
      རང་ལ་ནོར་རྫས་མེད་པར་དཔལ་ཆོས་ཀྱིས་འཆོར་བྱེད་ན་ཐོ་ཅོ་ཡིན་ཏེ་འཕྱར་ཁ་གཏོང་དུ་འོང་བའི་ཕྱིར་རོ། །
      སྨན་པ་མཉམ་པོ་གཅིག་ལའང་ཁྱད་གསོད་བྱེད་ན་ཐོ་ཅོ་ཡིན་ཏེ་རང་སྲོག་སྐྱེལ་བའི་ཕྱིར་རོ། །
      དིག་སྤྱོད་གསུམ་དོར་བ་ནི།  བྱས་ལ་རང་མདོ་མེད་ན་དིག་པ་ཡིན།   །ནད་ལ་ཁུ་ཁྲིག་མེད་ན་དིག་པ་ཡིན།  །རོ་ལ་སྨན་དཔྱད་བྱེད་ན་དིག་པ་ཡིན། །ཞེས་བྱ་སྟེ། ནད་པ་ལ་དཀའ་ཐུབ་ཆེར་བྱས་ནས་རང་གི་འདོད་དོན་སྒྲུབ་མ་ཤེས་ན་དིག་པ་ཡིན་ཏེ་རང་དོན་འཆལ་བར་ཤོར་བའི་ཕྱིར་རོ། །
ནད་ངོས་འཛིན་པའམ་གཉའ་གཅོག་པའི་དུས་སུ་ནད་དེ་ཡིན་ནམ་གཞན་དུ་འཁྱོག་གམ་སྙན་པའི་ཁུ་ཁྲིག་མེད་ན་ཆིག་ཚུགས་སུ་འཆོས་ན་དིག་པ་ཡིན་ཏེ་ནད་ཀྱི་འོག་འགྲིམས་མི་ཚོར་བའི་ཕྱིར་རོ། །   
      འཆི་ངེས་པའི་ནད་པ་ལ་སྨན་དཔྱད་བྱེད་ན་དིག་པ་ཡིན་ཏེ་རོ་ལ་ཚབ་བྱས་པའི་ཕྱིར་རོ། །
      ངན་སྤྱོད་གསུམ་དོར་བ་ནི། མཉམ་གཉིས་གོང་དུ་ཤོར་ན་སྨན་པ་ངན།   །སྨན་དང་ཆ་དཔྱད་གཡོར་ན་སྨན་པ་ངན།  །ནད་པ་དཔེ་ཡིས་འཆོས་ན་སྨན་པ་ངན།  །ཞེས་བྱ་སྟེ།    སྨན་པ་ཡོན་ཏན་མཉམ་པོ་གཅིག་ལ་གོང་དུ་ཤོར་ན་ངན་པ་ཡིན་ཏེ་རང་གིས་རང་གི་མགོ་སྨད་པ་ཡིན་པའི་ཕྱིར་རོ། །
      སྨན་དང་ཆ་དཔྱད་རང་ལ་མེད་པར་གཞན་ལ་གཡོར་ཞིང་འཆོས་ན་ངན་པ་ཡིན་ཏེ་མི་ལ་རག་ལུས་པའི་ཕྱིར་རོ། །
      ནད་པ་དཔེ་གཞན་བལྟས་ཀྱིན་འཆོས་ནའང་ངན་པ་ཡིན་ཏེ་ཁོང་དུ་མ་ཆུད་པའི་ཕྱིར་རོ།    །དེ་ལྟར་ངན་པའི་སྤྱོད་པ་བཅོ་ལྔ་པོ་དེ་རྣམས་དོར་ཞིང་སྐྱོན་མེད་པར་བྱའོ།  །ཞེས་གསུངས་སོ། །
      སྨན་པའི་བླང་བྱ་ནི་༼བཤད་རྒྱུད༽སྨན་པའི་ལེའུར།    སྦྱིན་དང་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་སྤྱད།    །ཅེས་གསུངས་པ་ལྟར་སྨན་པ་དང་སྦྱར་ན།   དང་པོ་རྙེད་པར་དཀའ་བའི་སྨན་རྣམས་རང་གིས་ལེགས་པར་བཙལ་ནས་འགྲོ་བ་ནད་ཀྱིས་ཉམ་ཐག་པ་རྣམས་ལ་སྨན་རིན་ལ་སོགས་པའི་རེ་བ་མེད་ཅིང་ཕངས་པ་སྟེར་བ་སོགས་སྦྱིན་པའི་ཕོ་རོལ་དུ་ཕྱིན་པ་ལ་བསློབ་དགོས་པ་དང་།  དེ་བཞིན་ཚུལ་ཁྲིམས་ནི་དཔལ་ལྡན་རྒྱུད་བཞི་འདི་ཉིད་ལས་བཤད་པའི་མི་དགེ་བཅུ་སྤོང་བ་སོགས་དང་།  ནད་པའི་སྨན་ལ་སོགས་པ་ལ་ཡང་གཙང་སྦྲའི་ཀུན་ཏུ་སྦྱོད་པས་གནས་པར་བྱ་ཞིང་།   གཞན་ཡང་རང་གིས་ཁས་བླངས་པའི་སྡོམ་པ་དམ་ཚིག་མ་ཉམས་པར་མིག་གི་འབྲས་བུ་ལྟར་སྲུང་བའི་ཚུལ་ཁྲིམས་ཕ་རོལ་དུ་ཕྱིན་པ་ལ་བསླབ་དགོས།  བཟོད་པ་ནི་སྤྱིར་སྨན་པས་སེམས་ཅན་ཀུན་དང་།  ལྷག་པར་ནད་པའི་ངག་རྩུབ་མོ་དང་། དྲིན་དུ་མིག་གཟོ་བ་སོགས་ལ་ཁོང་ཁྲོ་ཞིང་རྣམ་པར་ཁྲོ་བ་མེད་པའི་བཟོད་པའི་ཕ་རོལ་དུ་ཕྱིན་པ་ལ་བསླབ་དགོས།   བརྩོན་འགྲུས་ནི་སྨན་པས་སྤྱིར་དགེ་བའི་ཕྱོགས་མཐའ་དག་དང་།  ཁྱད་པར་སྨན་གྱི་གཞུང་འཛིན་པ་དང་།  དཔེ་ཆ་བཟུང་བ།  ཟིན་པ་རྣམས་བསྐྱར་སྦྱོང་ལེགས་བྱ་བ་དང་། གོ་བས་ལྟ་ཞིང་ལྟ་རྟོག་འཐེམ་པར་བྱ་བ་དང་།  བརྗེད་པ་རྣམས་བརྗེད་སོས་བྱ་བ་དང་།    དྭོགས་པ་མ་ཆོད་པ་རྣམས་སློབ་དཔོན་ནམ་ཡོན་ཏན་ཅན་ལ་འདྲི་བ་དང་།   སྨན་སྣ་མ་ཚང་བ་མེད་པ་རྣམས་བཙལ་ཞིང་ལེགས་པར་ཚགས་བྱ་བ་དང་།  ཆ་དཔྱད་རྣམས་ཚོགས་པར་གྲ་སྒྲིག་པ།  ནད་པ་ལ་སྨན་སྟེར་དགོས་པ་དང་།     དཔྱད་བྱ་དགོས་པ་དང་།     ཟས་སྤྱོད་སློབ་དགོས་པ་རྣམས་དུས་ལས་མ་འགྱངས་པར་སྨན་པའི་བྱ་བ་གང་དང་གང་། ཅི་དང་ཅི་ཐམས་ཅད་ཁྲིག་ཁྲིག་ཚར་ཟིན་འགྲོ་བའི་བརྩོན་འགྲུས་མགོ་ལ་མེ་ཤོར་བ་ལྟ་བུ་དུས་ནར་མར་བརྟན་པར་བྱ་བའི་བརྩོན་འགྲུས་ཀྱི་ཕ་རོལ་དུ་ཕྱིན་པ་ལ་བསླབ་དགོས་པའོ། །བསམ་གཏན་ནི་སྨན་པ་དེས་སྤྱིར་ཐམས་ཅད་མཁྱེན་པའི་ལམ་དུ་འགྲོ་བའི་བསམ་གཏན་གྱི་གནས་པའི་རིགས་གང་ཤེས་ལ་སྐབས་སྐབས་སུ་མཉམ་པར་བཞག་པར་བྱི་ཞིང་།   ཁྱད་པར་སེམས་ཀྱི་རྣམ་པར་གསོ་བའི་རྒྱུད་གཞུང་ལ་ལྟ་རྟོག་དང་གཞིག་པ་གཏོང་བའི་ཚེ་དེ་ཁ་མ་གཏོགས་སེམས་རྣམ་པར་རྟོག་པ་གང་གི་ཡང་རྗེས་སུ་མི་འབྲང་བའི་བསམ་གཏན་ཕ་རོལ་དུ་ཕྱིན་པ་ལ་བསླབ་དགོས་པའོ། ཤེས་རབ་ནི།       བདག་མེད་སྟོང་པའི་དོན་ལ་རྒྱུན་དུ་བལྟ།   ཞེས་གསུངས་པ་དང་།  ཡང་ན་ཆོས་རབ་ཏུ་རྣམ་པར་འབྱེད་པའི་བློ་གྲོས་ནི་ཤེས་རབ་ཡིན་པས་དེ་ལ་གཙོ་བོར་ཆོས་ཀྱི་མིང་ལ་དམིགས་པ་ཐོབ་པའི་ཤེས་རབ།    མིང་དོན་མཉམ་དུ་དམིགས་པ་བསམ་པའི་ཤེས་རབ།    དོན་ལ་གཙོ་བོར་དམིགས་པ་བསྒོམ་པ་ལས་བྱུང་བའི་ཤེས་རབ་སྟེ་གསུམ་རྒྱ་ཆེར་བཤད་པ་ལྟར་ཤེས་རབ་ཕ་རོལ་དུ་ཕྱིན་པ་ལ་བསླབ་དགོས་པ་བཅས་སོ། །

གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།