གཉིས་པ། སྨན་པའི་མཚན་ཉིད།
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསོ་རིག་དྲ་བ། | ཀློག་གྲངས།
དེ་ཡང་རྗེ་བཙུན་གཡུ་ཐོག་ཡོན་ཏན་མགོན་པོ་རྙིང་མའི་རྣམ་པར་ཐར་པ་༼ བཀའ་རྒྱ་མ་གཟི་བརྗིད་རིན་པོ་ཆེའི་གཏེར་མཛོད༽ལས། རང་གི་ཡབ་ཁྱུང་པོ་རྡོ་རྗེའི་ཞལ་ནས། མཚན་ཉིད་རྒྱ་ཆེ་མཁས་ན་སྨན་པ་ཡིན། །མན་ངག་དོན་ལ་མཁས་ན་སྨན་པ་ཡིན། ཚིག་དོན་འགལ་འཁྲུལ་འབྱེད་ན་སྨན་པ་ཡིན། གཉེན་པོ་ནད་ཀྱི་ཐོག་འབབ་སྨན་པ་ཡིན། ལག་ལེན་གནད་དུ་དྲིལ་ན་སྨན་པ་ཡིན། །བྱང་ཆུབ་སེམས་མཆོག་ལྡན་ན་སྨན་པ་ཡིན། །ཞེས་གསུངས་པ་དང་། སྨན་གཞུང་༼ཙ་ར་ཀ༽ལས། སྨན་པ་བློ་ལྡན་ཤེས་རབ་ཅན། །རང་གི་ཡོན་ཏན་ཕུན་སུམ་ཚོགས། །སྙིང་རྗེའི་སེམས་ཀྱིས་བརླན་པ་ནི། །སྨན་པ་ཀུན་གྱི་སྤྱི་རྒྱན་ཡིན། །ཞེས་དང་། དེ་བཞིན་༼ཙ་ར་ཀའི་རྒྱལ་པོ་ལུགས་ཀྱི་བསྟན་བཅོས༽སུ། ཚེ་ཡི་རིག་བྱེད་ལ་ལེགས་བསླབས། །ཐམས་ཅད་ཤེས་ཤིང་ལྟ་ན་སྡུག །ངང་ཚུལ་བཟང་ལ་བྱ་བ་མཁས། །འདི་ནི་སྨན་པ་ཡིན་ཞེས་བྱ། །ཞེས་དང་། ༼ཤ་ལི་ཧོ་ཏྲ༽ལས་ཀྱང་། ནད་རྣམས་ཞི་བར་བྱེད་པ་དང་། དེ་བཞིན་ཚོར་བ་གསལ་གྱུར་པ། འདི་དག་སྨན་པའི་ལས་ཡིན་གྱི། ཚེ་ཡི་བདག་པོ་སྨན་པ་ཡིན། །ཞེས་སོཊ་གསུངས་ཡོད། ཁྱད་པར་༼ བཤད་རྒྱུད༽སྨན་པའི་ལེའུར། རྒྱུ་དང་ངོ་བོ་ངེས་ཚིག་དབྱེ་བ་དང་། །ལས་དང་འབྲས་བུ་རྣམ་པ་དྲུག་གིས་བསྟན། །ཞེས་གསུངས་པ་ལྟར། སྨན་པའི་རྒྱུ་ལའང་ནང་གསེས་དབྱེ་ན། །རྒྱུ་ནི་བློ་ལྡན་བསམ་པ་དཀར་བ་དང་། །མ་ཚིག་ལྡན་ཞིང་རྣམ་པ་བཟོ་བ་དང་། །བྱ་བ་ལ་བརྩོན་མི་ཆོས་མཁས་དང་དྲུག །ཅེས་མདོར་བསྟན་པ་དང་། རྒྱས་བཤད། དེ་ལ་དང་པོ་བློ་དང་ལྡན་པ་ནི། །བློ་ཆེ་བློ་བརྟན་བློ་གཟེག་གསུམ་ལྡན་པས། །གསོ་དཔྱད་མདོ་རྒྱས་མ་ལུས་ཁོང་དུ་ཆུད། །ལག་ལེན་ཀུན་ལ་ཐོགས་རྡུགས་ཉམ་ང་མེད། །རིག་པས་དཔྱད་ཤེས་མངོན་ཤེས་ཕྲ་མོ་འཆར། །དེ་ཉིད་རྒྱུ་ཡི་ནང་ནས་མཆོག་ཅེས་བྱ། །ཞེས་པ་ལྟར་དང་པོ་བློ་དང་ལྡན་པ་ཞེས་པ། །སྤྱིར་བློ་ཞེས་ཆོས་རབ་ཏུ་རྣམ་པར་འབྱེད་པའི་ཤེས་རབ་དང་བློ་གྲོས་ཞེས་ཀྱང་ཟེར་བས་དོན་དུ་གཙུག་ལག་མཐའ་དག་གི་དོན་ཁོང་དུ་ཆུད་པའི་བློ་ཆེ་བ་དང་། རྐྱེན་གང་གིས་ཀྱང་བསྐྱོད་པར་མི་ནུས་པའི་བློ་བརྟན་པ་དང་། གང་ལའང་བརྟག་དཔྱད་སྔོན་དུ་གཏོང་བའི་བློ་གཟེག་པ་སྟེ་འདི་གསུམ་དང་ཡང་དག་པར་ལྡན་པའི་སྒོ་ནས་སྨན་དཔྱད་གཞུང་ལུགས་མདོར་བསྟན་རྒྱས་བཤད་ཀྱི་དོན་མ་ལུས་པ་ཁོང་དུ་ཆུད་པ་ལ་བརྟེན་ནས་དེ་དག་གི་ལག་ལེན་ཀུན་ལ་མི་ཤེས་པས་ཐོགས་པ་དང་རྡུགས་པ། མི་ནུས་པའི་ཉམ་ང་བག་ཚ་ལ་སོགས་པ་མེད་པར་བདེ་བླག་ཏུ་འཇུག་པ་དང་། གཞུང་ནས་མ་བཤད་པའི་དོན་རྣམས་ལའང་རིག་པ་དྲི་མ་མེད་པས་ དཔྱད་ཤེས་པ་ལྟ་བུ་མངོན་ཤེས་ཕྲ་མོ་གང་ལ་གང་འཚམ་པར་འཆར་བ་དེ་ཉིད་ནི་རྒྱུ་དྲུག་པོ་རྣམས་ཀྱི་ནང་ནས་མཆོག་དམ་པ་ཡིན་ནོ། །
བསམ་པ་དཀར་བ་ཞེས་པ་ནི་དེ་ཉིད་ལས། བསམ་པ་དཀར་བ་བྱང་ཆུབ་སེམས་ལྡན་པ། །སྦྱོར་བ་དངོས་གཞི་མཇུག་ལས་དང་པོ་ནི། །སྡུག་བསྔལ་མཐོང་དང་ཕན་འདོགས་དད་པ་དང་། །བཟང་ངན་བྱམས་སྡང་ཞེ་ནས་སྙོམས་པ་ཡིས། །སྙིང་རྗེ་བྱམས་པ་དགའ་བ་བཏང་སྙོམས་བཞི། །སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །དངོས་གཞི་འཇུག་པ་ཚད་མེད་ཉམས་སུ་བླངས། །འཇུག་པ་བསྔགས་པར་བལྟ་ཞིང་འཁོན་འཛིན་མེད། །དེ་ལྡན་གསོ་སླ་འཚོ་མང་གྲོགས་སུ་གྱུར། །ཞེས་པ་ནི། སེམས་ཅན་ཐམས་ཅད་ཕ་མར་འདུ་ཤེས་པའི་བྱང་ཆུབ་ཀྱི་སེམས་དང་ལྡན་པ་ཞིག་སྟེ། འདི་ལ་བསམ་སྦྱོར་དངོས་གཞི་འཇུག་གསུམ་ལས། དང་པོ་བསམ་སྦྱོར་ཞེས་པ་ཁམས་གསུམ་པོ་འདི་སྡུག་བསྔལ་གྱི་རང་བཞིན་འབའ་ཞིག་ཏུ་མཐོང་བ་དང་། སེམས་ཅན་ཐམས་ཅད་ལ་ཕན་འདོགས་འདོད་ཀྱི་བློ་རྒྱུན་ཆགས་པ་དང་དཀོན་མཆོག་གསུམ་པོ་ལ་མི་བསླུ་བའི་དད་པ་དང་། གསེར་དང་བོང་བ་ལ་བཟང་ངན་དང་། དགྲ་གཉེན་བྱམས་སྡང་སོགས་ཞེ་ཐག་པ་ནས་མཉམ་པའི་སྒོ་ནས་སྡུག་བསྔལ་མི་བཟོད་པའི་སྙིང་རྗེ་དང་། བུ་གཅིག་པའི་མ་ལྟར་འགྲོ་ལ་བརྩེ་བའི་བསམ་པ་གང་དག་སྡུལ་བསྔལ་དང་བྲལ་བ་ལ་དགའ་བ། ཉེ་རིང་ཆགས་སྡང་ཐམས་ཅད་དང་བྲལ་བའི་བཏང་སྙོམས་ལ་གནས་པར་བྱས་པ་ནི་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཞེས་ཟེར།
དེ་ནས་དངོས་གཞི་གཞན་ཕན་འབའ་ཞིག་ལ་འཇུག་པར་དུས་དང་། གྲངས་དང་། ཚད་ཀྱི་ངེས་གཟུང་མེད་པར་རིས་སུ་མ་ཆད་པར་ཉམས་སུ་བླང་དགོས། དེ་ལྟར་བྱས་པའི་མཇུག་ཏུའང་གསོ་དཔྱད་ཀྱི་དོན་ལ་བསྔགས་པར་བལྟ་ཞིང་། ནད་པ་སོགས་སུ་ལ་ཡང་འཁོན་འཛིན་མེད་པའི་ལྷག་བསམ་དེ་ལྟ་བུ་དང་ལྡན་ན་གང་ལྟ་བའི་ནད་པ་རྣམས་གསོ་སླ་ཞིང་འཚོ་བའི་གྲོགས་སུ་གྱུར་པ་ཞིག་ཡོང་བ་ཡིན་ནོ། །
དེ་བཞིན་༼བཤད་རྒྱུད༽ལེའུ་ཉེ་དྲུག་པ་སྤང་བླང་མུ་བཞིར་བརྟག་པ་ལས། སྨན་པ་མཁས་པའི་སྟེགས་ལ་འཛེགས་པ་དང་། །གཞུང་གི་དོན་ཤེས་ལས་རྣམས་མཐོང་ཞིང་གཙང་། །ཞེས་པའང་སྨན་པ་གང་ཞིག་མཁས་པའི་སྟེགས་བུ་ལྟ་བུ་བློ་གྲོས་དང་། །སྦྱངས་པ། སྙན་གྲགས། །ཀུན་གྱིས་བཀུར་བ་དང་བཞི་ལ་འཛེགས་པས་རིག་པའི་གནས་ལྔ་སྤྱི་དང་། །ཁྱད་པར་དུ་གསོ་བ་རིག་པར་མངོན་པར་མཐོ་བ་དང་། རྒྱུད་དང་། བསྟན་བཅོས་དང་། ལུང་དང་། མན་ངག་གཞིའི་སྒོ་ནས་གཞུང་གི་དོན་མཐའ་དག་ཤེས་པ་དང་། བརྟག་པ་དང་། སྨན་དང་། དཔྱད་དང་། ཟས་སྤྱོད་བསླབ་པ་དང་བཞིའི་ལས་རྣམས་མ་ལུས་པ་སློབ་དཔོན་གྱིས་ཉམས་སུ་ལེན་པ་མཐོང་བ་དེ་ཇི་ལྟ་བ་བཞིན་དུ་རང་གིས་གོམས་པ་དང་རིགས་ངན་ཞིང་འཚོལ་བ་དང་། ནད་པའི་ནོར་ལ་བརྣབ་སེམས་ཀྱི་བློ་དང་། ཕྱོགས་རིས་ཅན་གྱི་སྙིང་རྗེ་དང་། སྨན་དཔྱད་ལ་སླ་ཐབས་ཀྱི་ཆོ་ག་ཁྲག་འཁྲུགས་ཡིད་དུ་མི་འོང་བ་བྱེད་པའི་སྐྱོན་རྣམས་དང་བྲལ་བས་གཙང་བ་སྟེ་སྨན་པའི་ཡན་ལག་བཅུ་དྲུག་དང་ལྡན་དགོས་ཞེས་གསུངས། ༼ཡན་ལག་བརྒྱད་པའི་གླིང་གཞི༽ལས་ཀྱང་། །སྨན་པ་མཁས་སྟེགས་གཞུང་དོན་ཤེས། །ལས་རྣམས་མཐོང་ཞིང་གཙང་བ་ཡིན། །ཞེས་དང་། ཡང་༼ སྒྲོན་གསལ ༽དུ། གསོ་བ་པོ་ནི་གཙང་ཞིང་ཤེས་རབ་ཅན། །རྟོགས་དཔྱོད་བརྩོན་ལ་དབང་པོ་ཞི་ཞིང་དུལ། །ཐོས་དང་ངང་བཟང་འགྲོ་ལ་སྙིང་རྗེ་ཆེ།།ཡིད་གཞུང་ལག་བཟོ་མཁས་སྟེགས་གཞུང་དོན་ཤེས། །ཞེས་དང་། གཡུ་ཐོག་ཡོན་ཏན་མགོན་པོའི་༼ཡང་སྙིང་བསྡུས་པར༽ སྨན་པ་གཞུང་དོན་ལ་མཁས་ཤིང་། །ལུང་ལ་འདྲིས་པའི་བཟང་པོ་དག །ལས་ལ་གོམས་ཤིང་དག་པ་དང་། །ཁྱབ་སྟེ་ཡོངས་སུ་གནས་པ་ཡིན། །ཞེས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ་ཞིག་དགོས། །གཞན་ཡང་༼འདུལ་བ་བཞི་བམ་པོ་དྲུག་ཅུ་རྩ་གཉིས༽ལས་ཀྱང་། འཚོ་བྱེད་སྨན་པ་ཟུག་རྡུ་འབྱིན་པ་ཡན་ལག་བཞི་དང་ལྡན་པ་ནི་རྒྱལ་པོ་ལ་འོས་པ། རྒྱལ་པོ་ལ་མཁོ་བ། རྒྱལ་པོའི་ཡན་ལག་གི་གྲངས་སུ་འགྲོའོ། བཞི་གང་ཞེ་ན། དེ་ལ་སྨན་པ་ཟུག་རྔུ་འབྱིན་པ་ནད་ལ་མཁས་པ་ཡིན། ནད་ཀུན་ནས་སློང་བ་ལ་མཁས་པ་ཡིན། ནད་བྱུང་བ་སྤོང་བ་ལ་མཁས་པ་ཡིན། སྤོང་བ་ཕྱིས་མི་འབྱུང་བ་ལ་མཁས་པ་ཡིན་ཏེ། ནད་ལ་མཁས་པ་ཅི་ལྟ་བུ་ཞེ་ན། དེ་ལ་སྨན་པ་ཟུག་རྔུ་འབྱིན་པས་ནད་ཤེས་ཤིང་། ནད་འདི་ནི་འདི་ལྟ་བུ་དང་འདི་ལྟ་བུ་ཡིན་ནོ་ཞེས་དེ་ལྟར་ནད་ལ་མཁས་པ་ཡིན་ནོ། །ནད་ཀུན་ནས་སློང་བ་ལ་མཁས་པ་ཅི་ལྟ་བུ་ཞེ་ན། དེ་ལ་སྨན་པ་ཟུག་རྔུ་འབྱིན་པས་ནད་ཤེས་ཤིང་། འདི་ནི་རླུང་གིས་ཀུན་ནས་བསླང་བའམ་མཁྲིས་པས་ཀུན་ནས་བསླང་བའམ་བད་ཀན་གྱིས་ཀུན་ནས་བསླང་བའམ་བདག་ལས་གྱུར་པའམ་གཞན་ལས་གྱུར་པའམ་འདུས་པ་ལས་གྱུར་པའོ་ཞེས་དེ་ལྟར་ནད་ཀུན་ནས་སློང་བ་མཁས་པ་ཡིན་ནོ། །ནད་བྱུང་བ་སྤོང་བ་ལ་མཁས་པ་ཅི་ལྟ་བུ་ཞེ་ན། དེ་ལ་སྨན་པ་ཟུག་རྔུ་འབྱིན་པ་ནད་ཤེས་ཤིང་། ནད་འདི་ནི་མིག་སྨན་ནམ། བསྐུ་མཉེའམ་སྐྱུགས་སྨན་ནམ། བཀྲུ་སྨན་ནམ། སྣར་བླུག་པའམ། དུ་བས་བདུག་པའམ། ནན་རྩིས་ལས་ཀྱིས་སྤོང་བར་འགྱུར་རོ། །ཞེས་དེ་ལྟར་ནད་བྱུང་བ་སྤོང་བ་ལ་མཁས་པ་ཡིན་ནོ། །ནད་སྤངས་པ་ཕྱིས་མི་འབྱུང་བ་ལ་མཁས་པ་ཅི་ལྟ་བུ་ཞེ་ན། དེ་ལ་སྨན་པ་ཟུག་རྔུ་འབྱིན་པ་ནད་ཤེས་ཤིང་། ནད་འདི་ནི་འཕྲོད་པའི་ཆོ་ག་འདི་ལྟ་བུ་དང་། འདི་ལྟ་བུ་དག་བྱས་ཏེ་སྤངས་ན་ཕྱིས་མི་འབྱུང་ངོ་ཞེས་དེ་ལྟར་ནད་སྤངས་པ་ཕྱིས་མི་འབྱུང་བ་ལ་མཁས་པ་ཡིན་ཏེ། དེ་ལྟར་སྨན་པ་ཟུག་རྔུ་འབྱིན་པ་ཡན་ལག་བཞི་དང་ལྡན་པ་རྒྱལ་པོ་ལ་འོས་པ་ཡིན། རྒྱལ་པོ་ལ་མཁོ་བ་ཡིན། རྒྱལ་པོའི་ཡན་ལག་གི་གྲངས་སུ་འགྲོ་བ་ཡིན་ནོ། །ཞེས་གསུངས་པ་བཅས་མདོར་ན་སྨན་པའི་ངོ་བོ་ནི། ཉེས་པ་གནོད་བྱ་གཉེན་པོའི་མཚན་ཉིད་རྣམས། །ཅི་རིགས་ཁོང་དུ་ཆུད་པ་ངོ་བོར་འདོད། ཅེས་པ་ལྟར་སྨན་པ་གང་ཞིག་ཉེས་པ་གསུམ་དང་། །གནོད་བྱ་བཅུ་དང་། གཉེན་པོ་སྨན་དཔྱད་ཀྱི་མཚན་ཉིད་མཐའ་དག་རྣམས་དབང་པོ་རབ་འབྲིང་ཅི་རིགས་འཐད་པའི་ཚུལ་གྱིས་ཁོང་དུ་ཆུད་ཅིང་ཤེས་པ་དེ་ཉིད་སྨན་པའི་ངོ་བོ་ཡིན། ཞེས་གསུངས་པ་བཅས་སྨན་པའི་མཚན་ཉིད་བཤད་པ་དེ་ཙམ་མོ། །