༄༅།། རྒྱུན་སྲོལ་བོད་ཀྱི་སྨན་པའི་ཀུན་སྤྱོད། ༡
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསོ་རིག་དྲ་བ། | ཀློག་གྲངས།
བསིལ་ལྡན་རྭ་བ་དཀར་པོས་ཡོངས་སུ་བསྐོར་བའི་ལྗོངས་འདིར་སྨན་པ་ཞེས་པའི་ཐ་སྙད་ནི་ཧ་ཅང་སྔ་བའི་དུས་ནས་ཡོད་པ་དང་། དེ་རྗེས་པུར་རྒྱལ་བོད་ཀྱི་རྒྱལ་རབས་རིམ་བཞིན་དར་རྒྱས་བྱུང་ཐོག ཆབ་སྲིད་དང་། དཔལ་འབྱོར། རིག་གནས་གང་ཅི་གོང་འཕེལ་སྔར་ན་མ་གྲགས་པ་ཞིག་བྱུང་བའི་དབང་གིས་བོད་ཀྱི་གསོ་རིག་བྱ་གཞག་མགྱོགས་མྱུར་ཡར་རྒྱས་ཕྱིན་པར་བརྟེན་སྨན་པ་དང་། འཚོ་བྱེད་སྨན་པ། ལྷ་རྗེ་ཞེས་པའི་བར་མཚན་སྙན་ཇེ་མཐོར་ཕྱིན་པར་བརྟེན་དེ་ནས་བཟུང་བོད་ཁམས་ཡུལ་གྲུ་ཀུན་ལ་ཚང་མས་གུས་ཞབས་དང་བརྩི་འཇོག་བྱེད་ཡུལ་གྱི་ལས་རིགས་ཤིན་ཏུ་གྱུར།
སྤྱིར་རང་ཅག་བོད་ཀྱི་སྐད་དུ་སྨན་ཞེས་པ་ནི་ཕན་པའི་དོན་ཡིན་ལ་ཕན་པར་བྱེད་པ་པོ་ཡིན་པས་སོ། །སྨན་ཞེས་པ་ལ་བདག་པོའི་སྒྲ་སྦྱར་བས་སྨན་པ་ཞེས་པ་སྟེ་དཔེར་ན། ཚོང་བྱེད་པ་པོ་ལ་ཚོང་པ་ཞེས་ཟེར་བ་བཞིན་ནོ། །ཞེས་༼ བཤད་རྒྱུད་བེེ་སྔོན ༽ལས་གསུངས་པ་དང་། ཡང་སྒོས་༼ བཤད་རྒྱུད ༽སྨན་པའི་ལེའུར། ངས་ཚིག་ནད་གསོ་ལུས་ལ་ཕན་ཕྱིར་སྨན། ནད་སྟེངས་དཔྱད་དཔའ་འགྲོ་ལ་ཕ་ལྟར་སྐྱོབ། །རྒྱལ་པོ་རྣམས་ཀྱིས་རྗེ་རུ་འཁུར་བར་བྱེད། །ཅེས་གསུང་པ་ལྟར། སྨན་པའི་ངེས་ཚིག་ནད་ཀྱི་ཟུག་ངུ་ལས་གསོ་ཞིང་། ལུས་ལ་ཕན་འདོགས་པའི་ཕྱིར་སྨན་དང་། ནད་ཚབས་ཆེན་པོའི་སྟེང་དུ་ཐུར་མ་དང་། འདྲལ་གཅོད་ཀྱི་དཔྱད་བྱེད་པའི་ཚེ་དཔའ་ཞིང་མི་ཞུམ་པས་ན་སྨན་པ་ཞེས་པ། ཡང་ན་འགྲོ་བ་ནད་པ་རྣམས་ལ་ཕ་ལྟར་སྐྱོབ་པས་སྨན་པ། གཞན་ཡང་རྒྱལ་པོ་རྣམས་ནི་འཇིག་རྟེན་གྱི་ལྷ་ཡིན་ཅིང་། དེ་རྣམས་ཀྱིས་ཀྱང་རྗེ་རུ་འཁུར་བར་བྱེད་པས་ལྷ་རྗེ་ཞེས་ཀྱང་ཟེར། ད་དུང་༼མངོན་བརྗོད་མཁས་པའི་རྣ་རྒྱན༽ནང་། འཚོ་བྱེད་པའམ་སྨན་པའི་མིང་། །
གསོ་དཔྱད་པ་དང་འཚོ་བྱེད་པ། །འཚོ་ཐབས་པ་དང་གསོ་དཔྱད་མཁན། །སྐྱོན་ཤེས་ཚེ་ཡི་རིག་བྱེད་པ། །མཁྱུད་དཔྱད་པ་རྣམས་སྨན་པའོ། ཞེས་གསུངས་སོ། །འོ་ན་བོད་ཀྱི་ལོ་རྒྱུས་ཐོག་སྨན་པ་ཞེས་པ་དུས་ནམ་གྱི་ཚེ་བྱུང་བ་ཡིན་ནམ་ཞེ་ན། བཤད་ཚུལ་གཉིས་ལས། གཅིག་ནི་སྔ་རབས་ཞང་ཞུང་གི་ལོ་རྒྱུས་ལྟར་སྨན་དཔྱད་བསྟན་པའི་རྐང་འཛིན་དཔྱད་བུ་ཁྲི་ཤེས་ཞེས་པ་ཡིན་པ་དང་། གཅིག་ཤོས་ནི་སྤྱི་སྐད་ལྟར་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུའི་རིང་ལ་བྱུང་བའི་སྨན་པ་དུང་གི་ཐོར་ཅོག་ཅན་ཞེས་པ་ཡིན་པས་ཇི་ལྟར་ཡང་། ཞང་བོད་ལོ་རྒྱུས་ཐོག་སྨན་པ་ཞེས་བྱ་བ་ནི་ཆེས་གནའ་བོའི་དུས་ནས་བྱུང་བ་ཚད་ཐུབ་ཀྱི་ཁུངས་དང་བཅས་པ་ཡོད།
འཚོ་བྱེད་སྨན་པ་ཞེས་པ་ནི་ཆོས་རྒྱལ་སྲོང་བཙན་གྱིས་བོད་ཀྱི་སྨན་པར་གནང་བའི་ཆེ་བསྟོད་དམ་བསྔཊ་བརྗོད་ཀྱི་མཚན་ཡིན། དེའི་དུས་སུ་སྔ་ཡོད་བོད་ཀྱི་གསོ་རིག་གི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཡོད་པའི་རྨང་གཞིའི་སྟེང་ཀོང་ཇོས་བསྣམས་པའི་ཀྲུང་དབྱི་སྨན་གཞུང་༼ སྨན་དཔྱད་ཆེན་མོ་ ༽དང་། དེ་མིན་རྒྱ་གར། རྒྱ་ནག སྟོད་ཕྱོཊ་བཅས་ཀྱི་སྨན་པ་གདན་དྲངས་ཏེ་མཉམ་དུ་བརྩམས་པའི་༼མི་འཇིགས་མཚོན་ཆ༽ཞེས་པའི་སྨན་གཞུང་དར་རྒྱས་ཆེ་བ་བྱུང་ཞིང་སྐབས་དེར། ལུགས་ཆེན་གསུམ་པོའི་ཚུལ་དག་མ་རྟོགས་ན། སྨན་པ་ཆེན་པོའི་གྲངས་སུ་མི་འགྲོ་སྟེ། བདག་དང་གཞན་ལ་ཕན་པར་མི་ནུས་པས། །བར་སྣང་མཁའ་ལ་ལག་པས་མཐོས་བསྙབ་བཞིན། །ཞེས་པ་ལྟར་སྨན་དཔྱད་ཐམས་ཅད་ལུགས་སྡེ་གསུམ་དུ་བསྡུས་ནས་འཆད་པ་དང་བརྒྱུད་འཛིན་བདམས་ཏེ་སྨན་དཔྱད་སློབ་ཏུ་བཅུག ཁོང་ཚོར་རིགས་བཟང་ངན་དང་མཐོ་དམན་མེད་པར་ནད་བཅོས་པར་བཀའ་བསྒོས་མིང་འཚོ་བྱེད་སྨན་པ་ཞེས་སུ་བཏགས། བྱ་དགའ་ལ་གཙིགས་ཆེན་དགུ་དང་གཙིགས་ཆུང་གསུམ་སྟེ་བཅུ་གཉིས་གནང་བས་སྨན་དཔྱད་གོང་འཕེལ་ཧ་ཅང་ཆེ་བ་བྱུང་། མ་གཞི་འཚོ་བྱེད་དང་སྨན་པ་དོན་གཅིག་མིང་གི་རྣམ་གྲངས་ཡིན་རུང་། དེ་གཉིས་མཉམ་དུ་བེད་སྤྱོད་བྱེད་དུས་སྐྱེས་བུའི་ལུས་དང་སྲོག་འཚོ་བར་མཛད་མཁན་གྱི་སྨན་པ་ཞེས་ཟེར་བས་མཚན་སྙན་གཟི་བརྗིད་སྔར་ལས་ལྷག་པའི་གཟེངས་བསྟོད་གནང་། ལྷ་རྗེ་ཞེས་པའི་མཚན་ནི་ཚངས་པ་ལྷའི་མེ་ཏོག་གམ་ཁྲི་སྲོང་ལྡེའུ་བཙན་གྱིས་རྒྱལ་སྲིད་སྐྱོང་བའི་དུས་སུ་འཚོ་བྱེད་སྨན་པར་གནང་བའི་ཆེས་མཐོ་ཤོས་ཀྱི་མཚན་སྙན་ཞིག་ཡིན། དེའི་སྐོར་སྐ་བ་ཤཱཀྱ་དབང་ཕྱུག་ཀུན་དགའ་རྒྱ་མཚན་དཔལ་བཟང་པོས་མཛད་པའི་༼ཁོག་འབུགས་ཤེས་བྱ་རབ་གསལ ༽ལས། ཀྱེ། བོད་ཀྱི་རྗེ་བློན་འབངས་བཅས་གུས་པས་ཉོན། །འཚོ་མཛད་སྨན་པར་གྱུར་པ་འདི་རྣམས་ལ། །བོད་འབངས་མགོ་ནག་ཡོངས་ཀྱིས་བཀུར་བར་གྱིས། །ཅི་ཕྱི་འདི་ནི་ཚེ་སྲོག་སྟེར་བའི་ཕྱིར། །མགོ་ནག་ཡོངས་ཀྱི་ལྷ་ནི་བཙན་པོ་སྟེ། །དེ་ཡིས་བཀུར་བས་མཚན་ཡང་ལྷ་རྗེར་ཐོགས། །འགྲོ་བའི་མགོན་ཡིན་གྲལ་གྱི་གོང་ལ་འཇོག །འབོལ་གྲུམ་སྟག་གཟིག་ཟ་འོག་དགུ་བརྩེགས་ཐིངས། །ཞལ་སྐྱེམས་ཇ་ཆང་གསེར་དངུལ་སྐྱོབས་སུ་དྲོངས། །དར་ཟབ་བེར་བསྐོན་རྩ་ཡི་ཁ་སྨར་ཞུས། །སྐྱེལ་བསུ་བརྟས་ཀྱིས་ཞབས་གླར་གསེར་དངུལ་ཕུལ། །ས་རྡོའི་སྨན་ལའང་སྨན་ཡོན་སྨར་དུ་ཕུལ། །ཡིད་འོངས་མཛེས་མ་ཀུན་གྱིས་སྤྱན་ཡང་འཁྲིད། །བསྙེན་བཀུར་ཟས་སོགས་དུས་མིན་ཀུན་ཏུ་དྲོངས། །བཅོས་ནོར་ལག་དགྲས་ཤི་ཡང་སྟོང་མ་ལེན། །ཆོག་པར་མ་འཛིན་འཕྲལ་ཕུགས་ཀུན་ཏུ་གཟོབ། །སྔར་འདྲིས་མ་བརྗེད་ཡུན་དུ་ཕྱི་ཐག་བསྲིང་། །བདག་གི་ཕུལ་བའི་བླ་གཙིགས་བཅུ་གསུམ་འདི། །གང་གི་འདའ་ཡང་ཆད་པས་གཅད་པར་བྱ། །ཞེས་གསུངས་པ་དང་། ད་དུང་སྨན་པ་རྣམས་ལ་གཙིགས་སུ་བཟུང་བ་ལྔ་གསུམ་བཅོ་ལྔ་གནང་བ་ནི། །སྨན་པ་ཁྱིམ་མཚེས་ཡིན་ཀྱང་བསུ་བ་དང་། ཞབས་གླ་གཉེན་ཚན་ཡིན་ཀྱང་ཕྱག་དཀར་དང་ཞུ་རྟེན། བྲན་གཡོག་ཡིན་ཀྱང་བཀུར་སྟི་དང་གུས་པ། དོན་མེད་དུ་འཕྲད་ཀྱང་གདོང་གསོལ་དང་ངོ་དགའ། དགྲ་ཕྱོགས་པ་ཡིན་ཀྱང་བློ་གཏད་དང་དུང་སེམས་ལྔ། ཡང་སྨན་པ་ཚུར་འབྱོར་པ་ལ་བསུ་བ། ཕར་བཞུད་པ་ལ་སྐྱེལ་མ། །ནད་པ་བལྟ་བ་ལ་ཞུ་འབུལ། །ཕན་པ་ལ་གཏང་རག རྟིང་བསྐུལ་སྐྱེས་སུ་འཁྱོལ་བ་དང་ལྔ་སྟེ་བཅུ། སྨན་པས་ནོར་ལ་མིག་བཙུགས་བྱས་ཀྱང་འདོད་ཅན་དུ་མི་སྨྲ། བཟའ་བ་ལན་བརྒྱར་བཟའ་ཡང་གྲོད་ཆེར་མི་སྨྲ། ཐོ་ཅོ་དང་བག་ཡངས་སུ་བྱེད་ཀྱང་ཀོ་ལོང་མི་བྱེད། སྨན་དང་ཆ་བྱད་བོར་ཡང་ཚབ་དང་སྐྱིན་འཛུགས། བྱ་བ་ལས་ཀ་ཅི་དགོས་ལ་དུས་བསྙགས་པ་དང་ལྔ་སྟེ་བཅོ་ལྔའོ། །
རྒྱལ་པོས་སྨན་པ་རྣམས་ལ་བསླབ་བྱ་གནང་སྟེ་བཀའ་སྩལ་པར། སྨན་པ་ཕ་ཡིན་ནད་པར་སྙིང་རྗེས་སྐྱོང་། །ནད་པ་བུ་ཡིན་ངན་མཚངས་ཕྱིར་མ་བརྗོད། །བཟང་པོའི་དམའ་འབབ་ཁྱིམ་ནས་ནོར་མ་བརྐུ། མི་ཆེན་ཁྲེལ་བས་འཚོ་ཟས་ལ་མ་འཕང་། ལག་དགྲས་འཕུང་བས་སྐྱུར་ལ་དད་མ་ཆེ། །མི་སྲོག་ཐལ་ཆར་མ་ཤོར་དཔྱད་ལ་གཟོབ། ཁྱད་པར་ནད་པ་དང་ནི་སྨན་པ་ཡི། །བར་དུ་ངོ་ཚ་མ་ཆེ་ནད་ཆེན་འཇུག །ཅེས་སོགས་བསླབ་བྱ་གསུངས་ནས་སྨན་པའི་མིང་ལ་ལྷ་རྗེ་ཐོགས་པ་དེ་ནས་བྱུང་།
དུས་ཕྱིས་དབུས་གཙང་སོགས་སུ་སྨན་པའི་མིང་ལ་ཨེམ་རྗེ་ཞེས་འབོད་སྲོལ་ཡོད་པ་འདི་ནི་༧ རྒྱལ་དབང་ལྔ་པ་ཆེན་པོའི་སྐབས་མཚོ་སྔོན་གྱི་སྟོད་སོག་མང་པོ་ལྷ་སར་གཏན་སྡོད་བྱས་པ་དང་། སོག་སྐད་ཁ་རྒྱུན་དུ་འཇགས་པ་ལས། མདོ་སྨད་ལྷོ་བྱང་དང་། ཁམས་ཕྱོགས། འབྲོག་ཁུལ་བཅས་པར་སྨན་པ་དང་། འཚོ་བྱེད། ལྷ་རྗེ་ཞེས་པའི་འབོད་སྲོལ་ད་དུང་མ་ཉམས་པར་གནས་ཡོད། དེ་མིན་ལྷ་ས་ལྕགས་རི་འགྲོ་ཕན་གླིང་ཚུགས་རྗེས་སེ་འབྲས་དགའ་གསུམ་ལ་གཏན་བཞུགས་མཛད་མཁན་གྱི་སྨན་པར་སྨན་སྤྱིན་པ་ཞེས་པའི་མཚན་ནས་འབོད་པ་བཅས་བོད་ཀྱི་སྨན་པའི་མིང་ཚིག་བྱུང་ཚུལ་ནི་དེ་ལྟར་ཡིན་ནོ། །