གསུམ་པ། སྨན་པའི་དབྱེ་བ།
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསོ་རིག་དྲ་བ། | ཀློག་གྲངས།
ཁྱད་པར་ཅན་གྱི་སྨན་པ་ནི་དེ་ཉིད་ལས། གཞན་རིགས་མངོན་ཤེས་བྱམས་ལྡན་དྲང་པོར་སྲོང་། །ཞེས་པ་ལྟར་ཁྱད་པར་ཅན་གྱི་སྨན་པས་གཞན་རྒྱུད་རིག་པའི་མངོན་པར་ཤེས་པ་དང་བྱམས་པ་དང་སྙིང་རྗེ་ཚད་མེད་དང་ལྡན་པས་སྡུག་བསྔལ་གྱིས་ཉམ་ཐག་པ་རྣམས་བདེ་ལ་སྦྱོར་ཞིང་། རང་རྒྱུད་དྲང་པོར་བསྲང་བ་སྟེ། ༼ཙ་ར་ཀ༽ལས། དྲང་སྲོང་ཆེན་པོ་འདི་ཀུན་ཀྱང་། །མངོན་ཤེས་ལྔ་དང་ལྡན་གྱུར་ཞིང་། །རིག་པའི་གནས་མཆོག་བཅོ་བརྒྱད་ཤེས། །ཞེས་པ་དང་མཚུངས་སོ། །
སྨན་པ་ཕལ་པ་ལ་གཉིས་ཏེ། དེ་ཉིད་ལས། གནང་རིགས་རྗེས་སྦྱངས་ལས་གོམས་འགྲོ་བའི་གཉེན། །འདོད་པས་འཕྲལ་དུ་ཆ་བཟུང་སྲོག་གི་གཤེད། །ཅེས་གསུངས་པ་དང་། དང་པོ་ཆོས་རྒྱལ་རྣམས་ཀྱི་བླའི་སྨན་པར་གནང་བ་རིགས་ནས་རིགས་སུ་བརྒྱུད་པའི་སྨན་པ་དང་། རྒྱལ་པོའི་བླ་སྨན་གྱི་རིགས་མ་ཡིན་ཀྱང་དེ་དག་གི་རྗེས་སུ་ཞུགས་ནས་གཞུང་ལུགས་ལེགས་པར་སྦྱངས་པའི་སྨན་པ་དང་། གལ་ཏེ་སྨན་དཔྱད་གཞུང་ལུགས་ལ་སྦྱངས་པའི་ཡོན་ཏན་རྒྱ་ཆེན་པོ་དང་མི་ལྡན་ཀྱང་སློབ་དཔོན་གྱི་ཕྱག་ལེན་དང་མཐོང་བ་བརྒྱུད་པའི་ལས་ལ་གོམས་པའི་སྨན་པ་བཅས་དེ་གསུམ་ནི་འགྲོ་བ་ནད་པའི་སྲོག་གི་དཔུང་གཉེན་ཡིན། གཉིས་པ་སྨན་དཔྱད་གཞུང་དང་ལག་ལེན་མཐོང་གོམས་ཅི་ཡང་མེད་པར་ལྟོ་གོས་ཀྱི་འདོད་པས་འཕྲལ་དུ་སྨན་པའི་ཆ་ལུགས་བཟུང་སྟེ་སྨན་པའི་མིང་འཛིན་པ་དེ་ནི་མིང་ཙམ་གྱི་སྨན་པ་ལས་དོན་དུ་ནད་པའི་སྲོག་གི་གཤེད་མ་ཁོ་ན་ཡིན།
དེའི་སྐོར་སུམ་སྟོན་ཡི་ཤེས་གཟུངས་ཀྱིས་མཛད་པའི་བཤད་རྒྱུད་ཀྱི་འགྲེལ་པ་༼ འབུམ་ནག་གསལ་སྒྲོན༽ནང་། ནད་པ་རྒན་གོམས་ཀྱི་སྨན་པ། ཤོག་བུ་མཚམས་འབྱེད་ཀྱི་སྨན་པ། ཡིག་སྣ་བྲུལ་སྒྲུབ་ཀྱི་སྨན་པ། རྒྱ་པ་ཕྱོགས་ཐོས་ཀྱི་སྨན་པ་དང་བཞིའོ། །ནད་པ་རྒན་གོམས་ཀྱི་སྨན་པ་ནི། ནད་པ་ཡུན་རིང་དུ་བྱས་པ་དེའི་རྒན་གོམས་པ་ལ་བརྟེན་ནས་སྨན་པ་བྱེད་པའོ། །ནད་པ་རྒས་པས་སྨན་པར་འོང་བའོ། །དེས་རང་ལ་བྱུང་བའི་ནད་དེ་བཅོས་ཤེས་ཀྱང་གཞན་གྱིས་བཅོས་མི་ཤེས་པར་བཅོས་པས་གཤེད་མར་འགྱུར་རོ། །ཤོག་བུ་མཚམས་འབྱེད་ཀྱི་སྨན་པ་ནི། ཟ་བས་མིད་པ་རིང་བ་ཁ་ཅིག ཟླ་བ་རེ་རེ་ལ་དཔེ་ན་འདུག་པ་དེ་ཉིད་ཤེས་པར་བྱས་ནས་བློ་ལ་མ་ལོན་ལག་ལེན་མ་གོམས་པར་དཔེ་ལ་བལྟས་ཤིང་བཅོས་པ་དེས་ཀྱང་། དཔེ་དང་མཐུན་ཞིང་ན་བ་རྣམས་བཅོས་ཤེས་ཀྱང་མི་མཐུན་པ་རྣམས་མི་ཤེས་པས། དཔེ་དང་ནམ་འབྲལ་ཙ་ན་ཐ་མལ་དུ་ལྷུང་ནས་གཤེད་མར་འགྱུར་རོ། །ཡིག་སྣ་བྲུལ་སྒྲུབ་གྱི་སྨན་པ་ནི། ཡིག་མཁས་བྱས་ཏེ་དཔེ་རྒྱུན་བསྒྲུབས་པ་དང་ཇག་པ་བྱས་ཏེ་སྨན་པ་བཅོས་པའི་སྨན་དཔེ་འཁྱེར་བ་དང་། ཡི་གེ་དང་དཔེ་རྗེས་བྱས་ནས་བསྒྲུབ་པ་སོགས་ལ་བརྟེན་ནས་ནད་བཅོས་པ་དེ་སློབ་དཔོན་གྱི་གདམས་ངག་མ་ཐོབ་པས་གཤེད་མར་འགྱུར་རོ། །རྒྱ་པ་ཕྱོགས་ཐོས་ཀྱི་སྨན་པ་ནི། སྨན་རྒྱ་ཡུན་རིང་དུ་བྱས་པས་སྨན་འདི་ཚོ་ནད་འདི་ཡི་སྟེང་དུ་འགྲོ་བྱས་པས་ཕྱོགས་ཙམ་ཐོས་ནས་སྨན་ངོ་ཤེས་ཏེ་སྨན་པ་བྱེད་དོ། །རོ་ནུས་ཞུ་རྗེས་ནུས་པ་བསྡེབས་མི་ཤེས་པས་དེ་བཞི་ཀ་ནད་པའི་གཤེད་མར་འགྱུར་བའི་ཕྱིར་རོ། །ཞེས་གསུངས་འདུག སྨན་པའི་དབྱེ་བ་འདིའི་སྐབས་སུ་གནང་རིགས་དང་། རྗེས་སྦྱངས། ལས་གོམས་ཀྱི་སྨན་པ་གསུམ་མཆོག་གི་སྨན་པ་དང་། འདོད་པས་འཕྲལ་དུ་སྨན་པའི་ཆ་ལུགས་བཟུང་བ་སྨན་པ་ཐ་མ་ཞེས་གྲགས་པ་བཅས་མདོར་ན་མཆོག་གི་སྨན་པ་ནི་༼བཤད་རྒྱུད༽སྨན་པའི་ལེའུར། གདུང་བཙུན་བློ་དང་ལྡན་ཞིང་དམ་ལ་གནས། །གཞུང་གི་དོ་མཁས་མན་ངག་གནད་དུ་བརྡེག །གོམས་ཐོབ་གཙོ་བོར་ཆོས་གཉེར་འདོད་པ་སྤངས། །དུལ་ཞིང་བཟོ་མཁས་འགྲོ་ལ་བྱམས་སེམས་ཆེ། །གཡེལ་མེད་གཞན་གྱི་དོན་ལ་རང་དོན་སེམས། །གསོ་དཔྱད་ཀུན་ལ་རྨོངས་མེད་སྨན་པ་མཆོག །འགྲོ་བ་ནད་པ་རྣམས་ཀྱི་མགོན་གཅིག་པུ། །རིག་འཛིན་དྲང་སྲོང་རྣམས་ཀྱི་རྒྱུད་འཛིན་སྲས། །འཚོ་མཛད་སྨན་པའི་རྒྱལ་པོའི་སྦྲུལ་པ་བཤད། ཅེས་གསུངས་པ་དང་། དེ་ལས་ལྡོག་པ་སྨན་པ་ཐ་མ་སྐྱོན་བཅུ་གསུམ་ཅན་ནི། དེ་ཉིད་ལས། རིགས་རྒྱུད་མེད་པའི་སྨན་པ་དེ། །ཝ་ཡིས་རྒྱལ་ས་བཟུང་བ་འདྲ། ཀུན་གྱིས་སྤྱི་བོར་བཀུར་མི་འགྱུར། །གཞུང་དོན་མི་ཤེས་སྨན་པ་དེ། དམུས་ལོང་དག་ལ་རྫས་བསྟན་བཞིན། །ནད་རིགས་བཅོས་ཐབས་ཤན་མི་ཕྱེད། །མཐོང་གོམས་མེད་པའི་སྨན་པ་དེ། རྒྱུས་མེད་ལམ་དུ་ཞུགས་པ་བཞིན། ནད་རྟགས་དཔྱད་ལ་ཐེ་ཚོམ་འགྱུར། །བརྟག་ཐབས་མི་ཤེས་སྨན་པ་དེ། །གཉེན་མེད་བྱེས་སུ་འཁྱམས་པ་འདྲ། །ནད་ངོ་ཤེས་པ་གཅིག་མི་འབྱུང་། །རྩ་ཆུ་མི་ཤེས་སྨན་པ་དེ། །བྱ་པས་བྱ་གཏོང་མི་ཤེས་འདྲ། །ཚ་གྲང་ནད་ཀྱི་སྐད་མི་སྟེར། །ཁ་དམར་མི་ཤེས་སྨན་པ་དེ། །གཙོ་བོས་སྨྲ་བ་མི་ཤེས་འདྲ། །རང་སྐྱེངས་གྲགས་པ་ངན་པ་འཕོག །བཅོས་ཚུལ་མི་ཤེས་སྨན་པ་དེ། །མུན་ཁུང་འབེན་ལ་བརྡེག་པ་འདྲ། །གཉེན་པོ་ནད་ཐོག་འབབ་མི་འགྱུར། །ཟས་སྤྱོད་མི་ཤེས་སྨན་པ་དེ། །རང་སྲིད་དགྲ་ལ་ལོག་པ་འདྲ། །ནད་ཀྱི་སྟོབས་སྐྱེད་ལུས་ཟུངས་འཇོམས། །ཞི་སྦྱོར་མི་ཤེས་སྨན་པ་དེ། །སོ་ནམ་མི་ཤེས་ཞིང་པ་འདྲ། །དམན་ལྷག་ལོག་པས་ནད་སྐྱེད་འགྱུར། །སྦྱོང་བྱེད་མི་ཤེས་སྨན་པ་དེ། །བྱེ་མའི་རི་ལ་ཆུ་འབེབས་འདྲ། །ནད་དང་ལུས་ཟུངས་མ་རུངས་བྱེད། །ཆ་བྱད་སྨན་མེད་སྨན་པ་དེ། གོ་མཚོན་མེད་པའི་དཔལ་བོ་འདྲ། །ནད་ཀྱི་དགྲ་དཔུང་གཞོམ་མི་འགྱུར། །གཏར་བསྲེག་མི་ཤེས་སྨན་པ་དེ། །ནང་ཡན་མེད་པའི་རྐུན་པོ་འདྲ། །ནད་དང་དཔྱད་དུ་འཛོལ་བར་འགྱུར། །དེ་ཕྱིར་སྨན་པ་ངན་པ་ནི། །ཅི་ཡང་ལོག་པར་རྟོག་པ་ཡིས། །གསོ་བ་ལོག་པ་དག་ཏུ་འགྱུར། །བདུད་ཉིད་སྨན་པའི་ཆ་བྱད་ཅན། །གཤིན་རྗེའི་ཞགས་པ་ཐོགས་པས་ན། །སྲོག་གི་གཟུ་བ་ཡིན་པའི་ཕྱིར། །འབྲེལ་བ་མི་བྱ་འཁོར་རྣམས་འཕུང་། །ཞེས་གསུངས་པ་དང་། ༼ཙ་ར་ཀ༽ལས་ཀྱང་། །སྡིག་ཅན་བློ་གྲོས་ངན་པ་ཅན། །སྨན་པའི་གཟུགས་བརྙན་དེ་དག་དང་། །གཏམ་འབྲེལ་པར་ཡང་མི་བྱ་ན། །དངོས་སུ་བརྟེན་པ་སྨོས་ཅི་དགོས། །ཞེས་དང་། རྟ་དབྱངས་ཀྱིས། སྣོད་ངན་གནས་ས་འཕྲལ་དུ་ནི། །ཧ་ལ་ཧ་ལར་འགྱུར་བ་བཞིན། ཞེས་དང་། གཡུ་ཐོག་མགོན་པོའི་༼ཡང་སྙིང་བསྡུས་པར༽བསྟན་བཅོས་ངེས་པ་མི་ཤེས་ཤིང་། །ཚིག་ཙམ་ལ་ནི་རྗེས་གཞོལ་བའི། །གཤིན་རྗེའི་ཞགས་པ་ཐོགས་པ་བཞིན། །སྨན་པ་ངན་པ་རིང་དུ་སྤང་། །ཞེས་གསུངས་སོ།