0971-8201019
མ་ཤོག > གསར་འགྱུར། > ཆེད་དོན། >

 

 

2016ལོའི་མཚོ་སྔོན་ཞིང་ཆེན་གྱི་སྨན་པ་གྲྭ་ཚང་དང་བོད་ཀྱི་གསོ་བ་རིག་པའི་རིག་གནས་བགྲོ་གླེང་ཚོགས་འདུ་ཚོགས་པ།

ཡོང་ཁུངས།   ཀྲུང་གོ་བོད་ཀྱི་དྲ་བ   |   ཀློག་གྲངས།    

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་རིག་གཞུང་མཐུན་ཚོགས་བོད་སྨན་རིག་གནས་ཆེད་ལས་ཨུ་ཡོན་ལྷན་ཚོགས་ཀྱིས་གཙོ་སྒྲུབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་དངོས་མང་བཤམ་སྟོན་ཁང་། ལན་གྲུ་སློབ་ཆེན་རྒྱལ་ཡོངས་ཚད་མའི་སྤྱི་ཚོགས་ཚན་རིག་གཙོ་གནད་ལས་གཞི《བོད་སོག་གསོ་རིག་ལོ་རྒྱུས་དང་དེང་རབས་གནས་བབ་ཀྱི་རྟོག་ཞིབ་ཞིབ་འཇུག》ཚན་ཁག་གིས་རོགས་སྒྲུབ་བྱས་པའི2016ལོའི་མཚོ་སྔོན་ཞིང་ཆེན་གྱི་སྨན་པ་གྲྭ་ཚང་དང་བོད་ཀྱི་གསོ་བ་རིག་པའི་རིག་གནས་བགྲོ་གླེང་ཚོགས་འདུ་དེ་ཉེ་ལམ་ཟི་ལིང་གྲོང་ཁྱེར་དུ་ཚོགས།

ཐེངས་འདིའི་ཚོགས་འདུ་ལ་བོད་ལྗོངས་དང་ཀན་སུའུ། ཟི་ཁྲོན། ནང་སོག་དང་མཚོ་སྔོན་ཞིང་ཆེན་ནང་ཁུལ་གྱི་བོད་སོག་གསོ་རིག་རིག་གཞུང་དང་གསོ་རིག་ཞིབ་འཇུག་ཁྱབ་ཁོངས་ཀྱི་ཆེད་མཁས་པ་བསྡོམས་པས150ལྷག་ཞུགས་ཡོད་པ་དང་། བོད་ལྗོངས་གསོ་རིག་སློབ་གླིང་དང་ལན་གྲུ་སློབ་ཆེན། མཚོ་སྔོན་སློབ་ཆེན། མཚོ་སྔོན་དགེ་ཐོན་སློབ་ཆེན། མཚོ་སྔོན་མི་རིགས་སློབ་ཆེན་སོགས་མཐོ་རིམ་སློབ་གྲྭའི་དགེ་རྒན་དང་ཞིབ་འཇུག་སློབ་མ། མཚོ་སྔོན་གྱི་གཞུང་བཙུགས་དང་སྒེར་གཉེར་བོད་སྨན་ཁང་གི་འགོ་བ་དང་། སྐུ་འབུམ་དགོན་པ་དང་བཀྲ་ཤིས་རྟ་ཐང་དགོན། ར་རྒྱ་དགོན་བཅས་ཀྱི་སྨན་པ་གྲྭ་ཚང་གི་སྨན་པ་དང་བོད་སྨན་རིག་གཞུང་ལ་དགའ་ཞེན་ཡོད་པ་རྣམས་ཚོགས་འདུ་ལ་ཞུགས་ཡོད། མིང་དུ་གྲགས་པའི་བོད་ཀྱི་གསོ་རིག་ཆེད་མཁས་པ་ཉི་མ་དང་མཚོ་སྔོན་ཞིང་ཆེན་བོད་སྨན་གསོ་རིག་མཐུན་ཚོགས་ཀྱི་ཚོགས་གཙོ་ཨེ་ཚོགས་ཆེན། མཚོ་སྔོན་ཞིང་ཆེན་ཀྲུང་བོད་ལུགས་གསོ་རིག་དོ་དམ་ཅུའུ་ཡི་ཅུའུ་ཀྲང་ཅང་ཧྭ་བཅས་ཚོགས་འདུར་ཞུགས་པ་མ་ཟད་གཏམ་བཤད། ཚོགས་འདུའི་རིག་གཞུང་གཏམ་བཤད་ཀྱི་ནང་དོན་ལ་བོད་སོག་ས་ཁུལ་གྱི་སྨན་པ་གྲྭ་ཚང་གི་ཞིབ་འཇུག་དང་བོད་ཀྱི་གསོ་རིག་ལོ་རྒྱུས་ཞིབ་འཇུག བོད་ཀྱི་གསོ་རིག་སློབ་གསོའི་ལོ་རྒྱུས། བོད་སྨན་ཁང་འཛུགས་སྐྲུན། བོད་ཀྱི་གསོ་རིག་གི་མིའི་རིགས་རིག་པ། ཆོས་ལུགས་དང་གསོ་རིག་གི་འབྲེལ་བ། བོད་ཀྱི་གསོ་རིག་དེ་ཧི་མ་ལ་ཡའི་ས་ཁུལ་དུ་ཁྱབ་སྤེལ་ལོ་རྒྱུས་སོགས་ཀྱི་ཁྱབ་ཁོངས་ཀྱི་ཞིབ་འཇུག་ཡིན།
 

ཚོགས་འདུས་བསྟན་དོན། བོད་ཀྱི་གསོ་རིག་གི་ལོ་རྒྱུས་ཡུན་རིང་བ་དང་མ་ལག་ཆ་ཚང་བས་ཡོ་རོབ་དང་ཡ་གླིང་སྐམ་སའི་སྲོལ་རྒྱུན་གྱི་གསོ་རིག་མ་ལག་གལ་ཆེན་ཞིག་ཡིན། བོད་ཀྱི་གསོ་རིག་ནི་སྨན་བཅོས་འཕྲོད་བསྟེན་གྱི་ཐོན་ཁུངས་རྩ་ཆེན་ཞིག་ཡིན་པ་མ་ཟད་སྲོལ་རྒྱུན་རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་པ་ཞིག་ཀྱང་ཡིན་པར་བརྟེན། བོད་ཀྱི་གསོ་རིག་རིག་གནས་ཞིབ་འཇུག་ལ་ཤུགས་བསྣན་ཏེ་བོད་ཀྱི་གསོ་རིག་ལས་དོན་ཕྱོགས་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཀྱི་བདེ་ཐང་དང་བདེ་སྐྱིད་ཐད་ལ་བྱས་རྗེས་ཆེན་པོ་ཞིག་འཇོག་དགོས།

མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་མཐུན་ཚོགས་ཀྱི་བོད་སྨན་རིག་གནས་ཆེད་ལས་ཨུ་ཡོན་ལྷན་ཚོགས2014ལོར་བཙུགས་པའི་ཚུན་མཚོ་སྔོན་ཞིང་ཆེན་ནས་བོད་ཀྱི་གསོ་རིག་རིག་གཞུང་ཚོགས་འདུ་ཐེངས་གང་མང་བསྡུས་ཏེ། བོད་ཀྱི་གསོ་རིག་རིག་གནས་ཀྱི་ཞིབ་འཇུག་དང་བརྒྱུད་སྒྲོག་ཐད་ལ་བྱེད་ནུས་གལ་ཆེན་ཐོན་ཡོད། །

གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།