0971-8201019
མ་ཤོག > གསར་འགྱུར། > ཆེད་དོན། >

 

 

གནུབས་དོན་གྲུབ་ཚེ་རིང་གིས་བརྩམས་པའི་ ༼ བོད་ཀྱི་སྨན་དཔྱད་ ༽མུ་འབྲེལ་དེབ་གསུམ་པར་དུ་བསྐྲུན།

ཡོང་ཁུངས།      |   ཀློག་གྲངས།    

      
     མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་ཉེ་ཆར་པར་དུ་བསྐྲུན་པའི་ 《བོད་ཀྱི་སྨན་དཔྱད། ——ལྷ་རྗེ་དང་མཁྱུད་དཔྱད།》 དང་ །  《བོད་ཀྱི་སྨན་དཔྱད། ——དཔྱད་ཀྱི་ལག་ལེན་སྤྱི་སྤུངས།》 《བོད་ཀྱི་སྨན་དཔྱད། ——འཕྲུལ་འཁོར་རྒྱ་སྟག་མཇིང་བསྣོལ།》བཅས་མུ་འབྲེལ་དཔེ་ཚོགས་འདི་ནི་མཚོ་སྔོན་ཞིང་ཆེན་བོད་ལུགས་སྨན་ཁང་གི་སྨན་པ་གནུབས་དོན་གྲུབ་ཚེ་རིང་ལགས་ཀྱིས་བརྩམས་པ་ཡིན། སྨན་པ་ཁོང་ནི་ཉིན་རྒྱུན་ནད་པས་རུབ་ཏེ། དུས་ལ་ཇུས་འཁོད་བྱེད་ཁག་པ་དང་བྲི་ལ་བར་བགེགས་ཕྲད་སླ་ཡང་། ཡོན་ཏན་མ་ལུས་བརྩོན་པའི་རྗེས་སུ་འགྲོ་ཅེས་པ་ནང་བཞིན། ལོ་དང་ཟླ། ཉིན་དང་མཚན། ལས་ཚོགས་དང་ངལ་གསོའི་སྐབས་མང་པོ་ཞིག་སྤྱད་དེ། ༼ བོད་ཀྱི་སྨན་དཔྱད།༽ སྐོར་གྱི་མུ་འབྲེལ་དཔེ་ཚོགས་འདི་ད་ལྟ་དངོས་སུ་གསོ་རིག་རྗེས་འཛིན་པ་ཀུན་གྱི་སྤྱན་སྔར་བཀྲམས་པ་དགེ་གྱུར་ཅིག
《བོད་ཀྱི་སྨན་དཔྱད། ——ལྷ་རྗེ་དང་མཁྱུད་དཔྱད།》 ཅེས་པའི་དེབ་འདི་ནི་དགེ་རྒན་གྱི་དྲིན་དྲན་པ་དང་དྲིན་བཟོ་བའི་ཆེད་དང་། ལྷག་པར་དུ་མདོ་སྨན་བོད་ཀྱི་གསོ་རིག་གི་བསྟན་པ་བསྐྱར་དུ་གསོ་བ་ལ་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་མཁས་དབང་སྐོར་ཞིག་གི་ལོ་རྒྱུས་དང་།ལག་ལེན་བཞེད་དགོངས་རྩལ་དུ་བཏོན་ཏེ་གསལ་བཤད་དང་། སྨན་པ་ཁོང་གི་ལག་ལེན་མྱོང་བས་དེ་དག་གི་དོན་གྱི་ཟུར་ཕྱིན་པར་བྱས་ཏེ་ངོ་སྤྲད་ཡོད།
      《བོད་ཀྱི་སྨན་དཔྱད། ——དཔྱད་ཀྱི་ལག་ལེན་སྤྱི་སྤུངས།》  ཅེས་པའི་དེབ་འདི་ནི་དུགས་ལུམས་བྱུག་པ་སོགས་དཔྱད་བཅོས་སྡེ་བརྒྱད་སྤྱི་བཤད་ཙམ་དུ་མ་བཞག་པར། བྱེ་བྲག་རེ་རེ་ཐང་མ་བཞིན་བརྡལ་དེ་སྤེལ་བ་ཡིན་པས། གསོ་རིག་རྗེས་འཛིན་ཀུན་པོ་ལག་ལེན་ལ་འཇུག་བདེ་ཞིང་། ཁྱད་པར་དུ་ནད་ཐོག་དངོས་ཀྱི་མྱོང་བས་བྱེ་བྲག་གི་ལག་ལེན་མང་པོར་རྒྱས་འགེབས་བྱས་ཏེ། ལག་ལེན་མང་པོ་ཞིག་གབ་པ་མངོན་དུ་ཕྱུངས་ཡོད།
      《བོད་ཀྱི་སྨན་དཔྱད། ——འཕྲུལ་འཁོར་རྒྱ་སྟག་མཇིང་བསྣོལ།》 ཅེས་པའི་དེབ་འདི་ནི་བོད་ཀྱི་གསོ་རིག་གི་ཐུན་མིན་ལག་ལེན་གྱི་འཕྲུལ་འཁོར་ཏེ་ཁ་ཚར་དང་ཁ་སྦྱོར་བྱ་ཚུལ་ཁོལ་དུ་ཕྱུངས་ཤིང་།དེ་དག་གི་ཚུལ་ལ་བརྟག་ཅིང་དཔྱད་དེ་མང་པོ་ཞིག་ལག་ལེན་གྱི་ཁྲོད་བརྡར་ཤ་བཅད་དེ་རྗེན་པར་སྤེལ་ཡོད་ལ། དེ་ཡང་ནད་ཀྱི་ངོ་བོ་དང་སྨན་གྱི་བསིལ་དྲོད། ནད་སྨན་ཕན་ཚུན་བར་གྱི་འབྲེལ་བའི་ཆོས་ཉིད་སོགས་ལ་གཞིགས་ཤིང་། ལག་ལེན་དེ་དག་གི་དོན་ལ་ནད་ཐོག་དངོས་ཀྱི་ཁྲོད་དངོས་ར་འཕྲོད་པར་བྱས་ཏེ་བྲིས་ཡོད་པས་སྨན་པ་ལས་དང་པོ་བ་མང་པོ་ཞིག་ལ་རྔོ་ཐོགས་པ་སྨྲ་མེད་དོ།།
གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།