0971-8201019
མ་ཤོག > གསར་འགྱུར། > ཆེད་དོན། >

 

 

བོད་ལྗོངས་ས་མཐོའི་གསོ་རིག་གླེང་སྟེགས་སྐབས་གསུམ་པ་ཉིང་ཁྲི་ནས་སྤེལ་བ།

ཡོང་ཁུངས།   ཀྲུང་གོ་བོད་ཀྱི་དྲ་བ།   |   ཀློག་གྲངས།    

      ཟླ7པའི་ཚེས23ནས24ཉིན་བར། བོད་ལྗོངས་མི་རིགས་སློབ་ཆེན་གྱིས་གཙོ་གཉེར་བྱས་པའི་བོད་ལྗོངས་ས་མཐོའི་གསོ་རིག་གླེང་སྟེགས་སྐབས་གསུམ་པ་བོད་ལྗོངས་ཉིང་ཁྲི་ནས་བདེ་བླག་ངང་སྤེལ་བ་དང་། ཐེངས་འདིའི་གླེང་སྟེགས་ནི་བོད་ལྗོངས་མི་རིགས་སློབ་ཆེན་གསོ་རིག་པུའུ་དང་བོད་ལྗོངས་ས་མཐོའི་འབྲེལ་ཡོད་ནད་ཡམས་ཀྱི་རྒྱུད་འཛིན་ལམ་སྲོལ་དང་ཐེ་ཇུས་ཞིབ་འཇུག་གི་གཙོ་གནད་ཚོད་ལྟ་ཁང་གིས་གཉེར་འགན་འཁུར་བ་ཡིན་ལ། རྒྱལ་ཡོངས་ཀྱི་མཐོ་སློབ་དང་སྨན་ཁང་། གསོ་རིག་ཞིབ་འཇུག་སྒྲིག་གཞི་བཅས20ལྷག་ནས་ཡོང་བའི་ཆེད་མཁས་པ་དང་མཁས་དབང80ལྷག་གླེང་སྟེགས་ནང་ཞུགས་པ་རེད། བོད་ལྗོངས་མི་རིགས་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་སློབ་གཙོ་ངག་དབང་ཚེ་རིང་དང་། ཉིང་ཁྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་གཡུ་སྒྲོན། བོད་ལྗོངས་མི་རིགས་སློབ་ཆེན་གྱི་ཏང་ཨུའི་རྒྱུན་ཨུའམ་སློབ་གཙོ་གཞོན་པ་པེན་ལི་ཆང་སོགས་ཐེངས་འདིའི་གླེང་སྟེགས་ནང་ཞུགས་ཡོད།
     གླེང་སྟེགས་ཀྱི་མགོ་ཚུགས་མཛད་སྒོ་དེ་བོད་ལྗོངས་མི་རིགས་སློབ་ཆེན་གསོ་རིག་པུའུ་ཡི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་གསོ་རིག་སློབ་གླིང་གི་ཏང་ཨུའི་ཧྲུའུ་ཅི་ཀྲོའུ་ཝུའེ་ཐོན་གྱིས་གཙོ་སྐྱོང་བྱས་པ་དང་། ནོར་དབང་ཚེ་རིང་དང་གཡུ་སྒྲོན་གྱིས་ཤིས་ཚིག་འབུལ་བ་རེད། ཀྲུང་ཧྲན་སློབ་ཆེན་གྱི་རིག་གཞུང་དུས་དེབ(གསོ་རིག་ཚན་རིག་པར་གཞི)ཀྱི་རྩོམ་སྒྲིག་པ་གཙོ་བོ་དགེ་རྒན་ཆེན་མོ་ཀའོ་གོ་ཆོན་གྱིས་བོད་ལྗོངས་མི་རིགས་སློབ་ཆེན་ལ《ཀྲུང་ཧྲན་སློབ་ཆེན་གྱི་རིག་གཞུང་དུས་དེབ(གསོ་རིག་ཚན་རིག་པར་གཞི)》སྤྲད་པ་དང་། བོད་ལྗོངས་མི་རིགས་སློབ་ཆེན་གྱི་ཏང་ཨུའི་རྒྱུན་ཨུའམ་སློབ་གཙོ་གཞོན་པ་པེན་ལི་ཆང་གིས་དེ་དང་ལེན་བྱས་པ་རེད།
     ཚོགས་འདུའི་ཐོག་ངག་དབང་ཚེ་རིང་གིས་བོད་ལྗོངས་མི་རིགས་སློབ་ཆེན་གྱི་ཏང་ཨུ་དང་དགེ་སློབ་ཡོངས་ཀྱི་ཚབ་ཞུས་ཏེ། གླེང་སྟེགས་ནང་ཞུགས་མཁན་ཆེད་མཁས་པ་དང་མཁས་དབང་། མགོ་ཁྲིད་ཚོར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད། ཁོང་གིས་ས་མཐོའི་གསོ་རིག་དང་བོད་ལུགས་གསོ་རིག་ནི་བོད་ལྗོངས་ཀྱི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་དང་འབྲེལ་བ་དམ་ཟབ་ཡོད་པའི་ཁྱབ་ཁོངས་ཤིག་ཡིན་ཞིང་། ས་མཐོའི་གསོ་རིག་དང་བོད་ལུགས་གསོ་རིག་ཁྱབ་ཁོངས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པའི་ཞིབ་ཕྲའི་མཚོན་ཚུལ་ཡིན། ཉེ་བའི་ལོ་འགའི་རིང་། སློབ་གྲྭའི་ས་མཐོའི་གསོ་རིག་དང་བོད་སྨན་རིག་པའི་ཁྱབ་ཁོངས་ཀྱི་ཞིབ་འཇུག་ལ་འཕེལ་རྒྱས་མྱུར་མོ་བྱུང་ནས་རང་རྒྱལ་གྱི་ས་མཐོའི་གསོ་རིག་ཞིབ་འཇུག་དང་མི་རིགས་གསོ་རིག་ཞིབ་འཇུག་ཁྱབ་ཁོངས་ཁྲོད་མེད་དུ་མི་རུང་བའི་སྟོབས་ཤུགས་ཤིག་ཏུ་གྱུར་ཡོད་པར་བསྟན། ཁོང་གིས་ཚོགས་ཞུགས་ཆེད་མཁས་པ་དང་ན་གཞོན་མཁས་དབང་ཚོས་ཐེངས་འདིའི་གླེང་སྟེགས་གོ་སྐབས་ཞིག་ཏུ་བཟུང་ནས་རིག་གཞུང་གི་མཐོང་རྒྱ་སྔར་ལས་ཆེ་རུ་གཏོང་བ་དང་། རིག་གཞུང་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་རང་རེའི་སློབ་གྲྭའི་གསོ་རིག་གི་འབྲེལ་ཡོད་རིག་ཚན་སྣོལ་སྡེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ནས། སློབ་གྲྭའི་ཚན་ཞིབ་གསར་གཏོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། བོད་ལྗོངས་ས་མཐོའི་གསོ་རིག་ཁྱབ་ཁོངས་ཀྱི་ཞིབ་འཇུག་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས་བོད་ལྗོངས་ས་མཐོའི་གསོ་རིག་ཁྱབ་ཁོངས་འཕེལ་རྒྱས་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་གསར་པ་འབུལ་རྒྱུའི་རེ་བ་ཡོད་ཅེས་བསྟན།
      གཡུ་སྒྲོན་གྱིས་ཉིང་ཁྲི་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཚབ་ཞུས་ཏེ་ཉིང་ཁྲིར་སླེབས་ནས་ཐེངས་འདིའི་གླེང་སྟེགས་ནང་ཞུགས་མཁན་སྐུ་མགྲོན་རྣམས་ལ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་ཤིང་། ཁོང་གིས་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་པའི་ཚུན། ཉིང་ཁྲི་ལ“བློ་བརྟེན་རུང་པ་དང་། བེད་སྤྱོད་ཐུབ་པ། གཞི་རིམ་དུ་འགྲོ་ཐུབ་པ། གཞིས་ཆགས་ཐུབ་པ”བཅས་ཀྱི་ས་མཐོའི་བདེ་ཐང་གི་སྲུང་སྐྱོང་པ་འབོར་ཆེན་ཞིག་རྒྱུན་ཆད་མེད་པར་གསོ་སྐྱོང་བྱས་པ་དང་། ཁོང་ཚོས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་པོ་བདེ་ཐང་ལ་རྒྱུན་འཁྱོངས་ལྷོད་མེད་ངང་འགན་ལེན་བྱས་ནས་ཉིང་ཁྲི་གྲོང་ཁྱེར་གྱི་གསོ་རིག་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། ཐེངས་འདིའི་གླེང་སྟེགས་སྤེལ་བ་བརྒྱུད་ཉིང་ཁྲིར་རིག་གཞུང་གི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་དང་། ཉིང་ཁྲི་གྲོང་ཁྱེར་གྱིས་གསོ་རིག་གླེང་སྟེགས་གོ་སྐབས་ཞིག་ཏུ་བཟུང་ནས་གསོ་རིག་བྱ་གཞག་འཕེལ་རྒྱས་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་རྒྱུན་ཆད་མེད་པར་སློབ་སྦྱོང་དང་དཔྱད་གཞིར་འཛིན་རྒྱུ་མ་ཟད། བོད་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་ས་མཐོའི་གསོ་རིག་འཕེལ་རྒྱས་ཀྱི་ཐབས་ལམ་འཚོལ་ཞིབ་བྱས་ནས་སྨན་བཅོས་ཞབས་ཞུའི་སྤུས་ཚད་མུ་མཐུད་མཐོ་རུ་གཏོང་བ་དང་། བཅོས་སྒྱུར་ཁྲོད་འཚོལ་ཞིབ་དང་དོ་དམ་ཐད་གསར་གཏོད། ལས་སྒོའི་ཐད་ལེགས་བརྩོན་བཅས་བྱས་ཏེ་གྲོང་ཁྱེར་ཡོངས་ཀྱི་མི་རིགས་སོ་སོའི་མང་ཚོགས་ཀྱི་བདེ་ཐང་ལ་འགན་ལེན་སྔར་ལས་བརྟན་པོ་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་ཚོགས་རྒྱུ་ལེགས་སྐྱེས་ཕུལ་རྒྱུ་ཡིན་ཞེས་བཤད།
      བོད་ལྗོངས་ས་མཐོའི་གསོ་རིག་གླེང་སྟེགས་སྐབས་གསུམ་པ་དེ་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་བོད་སྐྱོར་ལས་བྱེད་པ་ཁག་དགུ་པ་དང་། གསོ་རིག་པུའུ་ཡི་ཀྲུའུ་རེན་གཞོན་པ། གསོ་རིག་སློབ་གླིང་གི་ཡོན་ཀྲང་ངམ་དགེ་རྒན་ཆེན་མོ་ཐེན་ཀའོ་པའོ་ཡིས་སྤྱི་འདོམས་བྱས་ཤིང་། གླེང་སྟེགས་དེ“ཆེད་དུ་གདན་འདྲེན་ཞུས་པའི་ཆེད་མཁས་པའི་སྙན་ཞུ”དང“གཞོན་ནུ་མཁས་དབང་གི་སྙན་ཞུ”ཁག་གཉིས་ལས་གྲུབ་པ་དང་། ས་མཐོའི་གསོ་རིག་ཁྱབ་ཁོངས་ཀྱི་ཆེད་མཁས་པ་དང་གཞོན་ནུ་མཁས་དབང་རྣམས་ཁག30ལྷག་ལ་བགོས་ནས་བོད་ལྗོངས་ཀྱི་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་སྲུང་སྐྱོང་བྱ་རྒྱུ་མགོ་འཛུགས་སར་བྱས་ཏེ། ས་མཐོའི་གསོ་རིག་ཁྱབ་ཁོངས་ཀྱི་ཞིབ་འཇུག་གྲུབ་འབྲས་གསར་ཤོས་མཉམ་སྤྱོད་བྱས་པ་དང་། ས་མཐོའི་གསོ་རླུང་ཉུང་བར་འཕྲོད་པའི་ལམ་སྲོལ་ཞིབ་འཇུག་དང་། ས་མཐོའི་ནད་འགོག་བཅོས། ས་མཐོ་དང་བོད་ལུགས་གསོ་རིག་དེང་རབས་ཅན་དུ་གསར་སྤེལ་སོགས་ཀྱི་ཐད་ངོ་མཚར་ལྡན་པའི་སྙན་ཞུ་ཕུལ་ཏེ་ཚོགས་ཞུགས་མཁས་དབང་དག་གིས་གྲོས་བསྡུར་བྱས་ཤིང་དགེ་མཚན་ལྡན་པའི་བསམ་འཆར་བཏོན་པ་རེད།
ཐེངས་འདིའི་གླེང་སྟེགས་ཡུལ་དངོས་ནས་འཚོགས་པའི་དུས་མཚུངས་སུ་དྲ་ཐོག་ནས་ཐད་གཏོང་བྱས་པས། དྲ་ཐོག་ནས་ལྟ་མཁན་མི་ཐེངས་ཁྲི་ལས་བརྒལ་ཡོད། གླེང་སྟེགས་དེས་ཕྱོགས་ཡོངས་དང་རྒྱ་ཁྱབ་ངང་སྤེལ་རེས་བྱེད་པའི་ལས་སྟེགས་བཏོད་དེ“བདེ་ཐང་བོད་ལྗོངས”དང་སློབ་གྲྭའི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”གསོ་རིག་རིག་ཚན་འཕེལ་རྒྱས་འཐབ་ཇུས་མངོན་འགྱུར་བྱེད་པའི་ཕུགས་འདུན་ཡང་འཁྱེར་ཡོད་ལ། ཁྱབ་ཁོངས་དེའི་ཆེས་མདུན་གྲལ་གྱི་ཚན་རྩལ་དཔྱད་ཡིག་ཆ་འཕྲིན་ཐོབ་པ་དང་ཆབས་ཅིག་ས་མཐོའི་གསོ་རིག་ཞིབ་འཇུག་ཁྱབ་ཁོངས་ཀྱི་རིག་གཞུང་སྤེལ་རེས་ལ་སྐུལ་འདེད་བཏང་ནས། རྒྱ་ཆེའི་ཆེད་མཁས་པ་དང་མཁས་དབང་གིས་ས་མཐོའི་གསོ་རིག་གི་གལ་ཆེའི་རང་བཞིན་གྱི་ངོས་འཛིན་སྔར་ལས་གཏིང་ཟབ་ཏུ་བཏང་སྟེ་རྒྱལ་ནང་གི་ས་མཐོའི་གསོ་རིག་ཁྱབ་ཁོངས་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་པ་རེད། །
 
གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།