རྨེན་སྐྲན་བྱུང་བའི་ནད་པ་ཞིག་གཏར་གའི་བཅོས་ཐབས་ལ་བརྟེན་ནས་དྲག་སྐྱེད་བྱུང་བ།
ཡོང་ཁུངས། | ཀློག་གྲངས།
ཉེ་ཆར། རང་རེ་སྨན་ཁང་གི་སྲོལ་རྒྱུན་གསོ་བཅོས་ལྟེ་གནས་སུ་རྨེན་སྐྲན་བྱུང་ནས་ལོ་བཅུ་ལ་གསོ་བཅོས་བྱས་ཀྱང་རྔོ་ཅི་ཡང་མ་ཐོགས་པར། འཆི་བདག་གི་ཞགས་པས་ཟིན་ཏེ་ལང་ཚོ་འཇོམས་ལ་ཉེ་བའི་བུ་མོ་ཞིག་གི་ཚེ་སྲོག་བསྲུངས་པའི་གནས་ཚུལ་དེ་སྔར་ནས་ཐོས་མྱོང་ལ།ནད་པ་དེ་ཡི་རྩེ་ཆུང་གཏར་བའི་བརྙན་ཐུང་དེའང་དྲ་ངོས་སུ་བརྒྱུད་སྐུར་བྱེད་པ་མཐོང་མོད།འོན་ཀྱང་ནད་པ་དངོས་ལ་རྒྱུས་ལོན་བྱ་རྒྱུའི་སྐལ་བ་མ་བྱུང་།ཉེ་སྔོན་ནད་པ་དེའི་ཁྱིམ་མི་གང་བོ་ངེད་སྨན་ཁང་ལ་ལུས་ཕུང་བསྐྱར་བཤེར་བྱེད་དུ་ཡོང་བ་ཐོས་པས།ནད་རིགས་དེ་ཇི་ལྟར་དྲག་སྐྱེད་བྱུང་བའི་སྐོར་དང་ད་ལྟ་ནད་པ་དེའི་གནས་བབ་ག་འདྲ་ཡིན་པ་ཤེས་འདོད་ཀྱི་བློས་ཀུན་ནས་བསླངས་ཏེ་དཔྱད་བཅོས་ཚན་ཁག་གི་སྨན་པ་ཉི་མ་ཚེ་རིང་གི་གམ་དུ་བཅར་བ་ན།ལོ་སུམ་ཅུར་བུད་མ་ཐག་པའི་བུད་མེད་ཅིག་གིས་བྱིས་པ་ཞིག་པང་དུ་བཟུང་ནས་བསྡད་ཡོད་ལ།གསར་བུ་ཞིག་འགྲམ་དུ་ལངསས་ཡོད་པ་ནི་མོའི་བཟའ་ཟླ་ཡིན་པ་ཤེས་ཐུབ། མོའི་ལུས་ཀྱི་ཉམས་དང་གདོང་གི་འཛུམ་ལས་མོ་ནི་དེ་སྔ་རྨེན་སྐྲན་བྱུང་ནས་སྲོག་ཉེན་ལ་ཐུག་མྱོང་བའི་ནད་པ་ཞིག་རེད་ཅེས་ན་རྣར་ཡང་མི་འགྲོ་བའི་ཚད་རེད། རྒྱུས་ལོན་བྱེད་པའི་ཁྲོད། མོའི་མིང་ལ་ཤེར་མཚོ་ཟེར་ཞིང་། མགོ་ལོག་ས་ཁུལ་གྱི་མི་ཡིན་པ་ཤེས། མོ་ལོ་ན21ལ་སོན་པའི་ལོ་དེར།གློ་བུར་ལུས་ཡོངས་སྐྲངས་ཤིང་མིད་པ་ན་བ་དང་། ཁ་གདངས་མི་ཐུབ་པ། སྐད་ཆ་ཤོད་པ་ཕར་ཞོག་དབུགས་ཀྱང་ལེན་དཀའ་བ་སོགས་ནད་རྟགས་འདྲ་མིན་སྣ་ཚོགས་བྱུང་ཞིང་།རང་ས་གནས་ཀྱི་སྨན་ཁང་ལ་བསྟན་ནས་ཕན་ཐོགས་ཅི་ཡང་མ་བྱུང་བ་དང་།དེ་མུར་མལ་སར་ལྷུང་སྟེ་རང་ཚུགས་ཀྱང་མི་ཐུབ་པའི་གནས་སུ་ལྷུང་བས།ཞིང་ཆེན་རིམ་པའི་རྒྱ་སྨན་ཁང་ཆེ་གྲས་ཤིག་ལ་སོང་ནས་མྱུར་སྐྱོབ་ཚན་ཁག་ཏུ་ཞག་སྡོད་བྱས་པ་ན་༼ཅཱ་དམའི་ཁྲག་ནད༽ དང་༼རྨེན་སྐྲན༽ ལ་ངོས་བཟུང་ནས་ཟླ་གཅིག་ལ་གསོ་བཅོས་བྱས་པས།ཅཱ་དམའ་བ་ཅུང་ཇེ་དགའ་ལ་སོང་ནས་རང་ཚུགས་ཐུབ་པ་ཞིག་ཏུ་གྱུར་མོད།འོན་ཀྱང་རྨེན་སྐྲན་ལ་གཞི་ནས་དྲག་སྐྱེད་འབྱུང་དགོས་ན་གཤག་བཅོས་བྱེད་དགོས་པ་དང་།གཤག་བཅོས་བྱས་ན་ལུས་ཁམས་སུ་གྲུབ་ཆ་ཅཱ་ཞན་པ་མ་ཟད།མཆིན་པའི་བྱེད་ནུས་ཞན་པ་སོགས་གཤག་བཅོས་བྱེད་མི་རུང་བའི་གནད་དོན་སྣ་ཚོགས་ལ་འཕྲད་སྟབས།ནད་རིགས་དེ་འཇོམས་པར་བྱ་ཐབས་ཅི་ཡང་མ་བྱུང་བས།ཁྱིམ་ཚང་གང་བོ་མགོ་ཐོག་གི་གནམ་བརྡིབས་པ་ལྟ་བུའི་སྡུག་བསྔལ་ནང་ལྷུང་།
དེ་ལྟ་ནའང་། ཁྱིམ་མི་གང་བོས་ཤེར་མཚོ་མུ་མཐུད་དུ་སྨན་བཅོས་བྱ་རྒྱུའི་འདུན་པ་དེ་ནམ་ཡང་མ་དོར་བར་མཐའ་མཇུག་གི་རེ་བ་བོད་སྨན་ལ་གཏད་དེ་ཡོང་བ་ན། ལས་ངན་ནང་གི་ལས་ཅན་ཟེར་བའི་དཔེ་ལྟར། སྨན་པ་ཉི་མ་ཚེ་རིང་ལགས་ཀྱིས་བོད་གསོ་རིག་གི་སྲོལ་རྒྱུན་བཅོ་ཐབས་ཏེ་གཏར་ག་རྒྱག་པ་གཙོ་བྱས། ནད་ཐོག་སྨན་བཅོས་གང་ལ་གང་འཕྲོད་བྱས་པར་བརྟེན། ཤེར་མཚོའི་ནད་གཞི་ལོ་རེ་བཞིན་ཇེ་དགར་སོང་བ་དང་། ཟས་ཀྱི་ཡི་ག གདོང་གི་བཞིན་མདངས་ཀྱང་ཇེ་ལེགས་སུ་སོང་། ད་ཐེངས་ལུས་ཕུང་བསྐྱར་བཤེར་བྱས་པའི་དམིགས་ཚད་ཚང་མ་རྒྱུན་ལྡན་དུ་གྱུར་ཡོད་པ་དངོས་གནས་བློ་ཡུལ་ལས་འདས་ཡོད། མོས་བཤད་པ་ལྟར་ན་སྨན་པ་ཉི་མ་ཚེ་རིང་གིས་སྨན་བཅོས་བྱས་པ་ན་བཟུང་གཞན་སྨན་ཁང་གང་དང་སྨན་པ་སུ་ལའང་བསྟན་མ་མྱོང་ལ།རེ་བ་ཡོད་ཚད་ཁོའི་སྟེང་ལ་བཅོལ་བ་ཡིན་ཅེས་བཟའ་ཟླ་གཉིས་ཀ་ཡིད་ཆེས་ཀྱིས་ཁེངས་ཡོད།
ད་ལྟ། མོ་རང་སངས་དྲག་ཏུ་སོང་ཡོད་པར་མ་ཟད། བྱིས་པ་སྙིང་རྗེ་བོ་ཞིག་ཀྱང་སྐྱེས་ཡོད།“ངས་རང་ཉིད་སངས་དྲག་ཏུ་འགྲོ་ཐུབ་པ་ཞིག་ཡིད་ལའང་མ་དྲན། དེ་སྔ་ནད་གཞི་ལྕི་དུས་ཟླ་མཚན་ཀྱང་འབབ་རྒྱུ་མ་ཡོད་པས་སྨན་ཁང་གཞན་གྱི་སྨན་པས་ང་ལ་བྱིས་པའང་སྐྱེ་ཐུབ་རྒྱུ་མ་རེད་ཟེར།ད་ལྟ་ང་ལ་བྱིས་པ་ཡང་སྐྱེས་ཡོད།ནད་ཀྱང་སངས་དྲག་ཏུ་སོང་ཡོད།འདི་དག་ཚང་མ་ཞིང་ཆེན་བོད་སྨན་ཁང་དང་།སྨན་པ་ཉི་མ་ཚེ་རིང་གི་བཀའ་དྲིན་ཡིན།གལ་ཏེ་ཁོང་ལ་འཕྲད་པ་མིན་ན།ཕལ་ཆེར་ང་འཇིག་རྟེན་འདིར་གསོན་ཡོད་རྒྱུ་མ་རེད”ཞེས་དགའ་སྤྲོ་དང་ཡིད་འགུལ་ཐེབས་པའི་མིག་ཆུ་དབང་མེད་དུ་ཤོར།།