0971-8201019
མ་ཤོག > གསར་འགྱུར། > སྐབས་དོན། >

 

 

བོད་ལྗོངས་ནོར་བུ་གླིང་གའི་བོད་ཀྱི་གསོ་རིག་གི་གནམ་རིག་སྐར་རྩིས་དང་དཔེ་རྙིང་བེད་སྤྱོད་རྣམ་གྲངས་སྤེལ་མགོ་ཚུགས་པ།

ཡོང་ཁུངས།   ཀྲུང་གོ་བོད་ཀྱི་དྲ་བ།   |   ཀློག་གྲངས།    

ཚེས30ཉིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་བོད་སྨན་ཁང་ནས་ཤེས་གསལ་ལྟར་ན། ནོར་བུ་གླིང་ག་དོ་དམ་ཁྲུའུ་དང་མཉམ་ལས་བྱེད་བཞིན་པའི་ནོར་བུ་གླིང་གའི་བོད་ཀྱི་གསོ་བ་རིག་པའི་གནམ་རིག་སྐར་རྩིས་ཀྱི་དཔེ་རྙིང་བེད་སྤྱོད་རྣམ་གྲངས་ལག་བསྟར་བྱེད་མགོ་ཚུགས་པ་དང་། ད་ལྟ་ལོ་མའི་བརྙན་པར་འཚོལ་བསྡུ་བྱེད་ཚད་ཁྲི3ལྷག་ཙམ་ཟིན་པ་རེད།

བོད་རང་སྐྱོང་ལྗོངས་བོད་སྨན་ཁང་ཚད་ལྡན་ཡིག་ཆ་ཞིབ་འཇུག་སུའོ་ཡི་འབྲེལ་ཡོད་འགན་འཁུར་བ་ཚེ་བརྟན་ཕུན་ཚོགས་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། ན་ནིང་ཕྱོགས་གཉིས་ཀྱིས་ངོ་འཕྲད་གྲོས་མོལ་བྱས་ནས། ནོར་བུ་གླིང་ག་དོ་དམ་ཁྲུའུ་ཡི་རྒྱབ་སྐྱོར་འོག་གྲ་སྒྲིག་ལས་དོན་འབོར་ཆེན་བསྒྲུབས་ཡོད། དུས་མགོར་ནོར་བུ་གླིང་ག་དོ་དམ་ཁྲུའུ་ཡིས་བོད་ཀྱི་གསོ་རིག་དང་བོད་སྨན་གྱི་གནམ་རིག་སྐར་རྩིས་དང་འབྲེལ་བ་ཡོད་པའི་ཉར་ཚགས་ཁང་གི་གནའ་དཔེའི་དཀར་ཆག་མཁོ་འདོན་བྱས་ཤིང་། སྨན་ཁང་གི་ཚད་ལྡན་ཡིག་ཆའི་རིགས་གཅིག་མཁས་ཅན་གྱིས་གདམ་གསེས་བྱས་རྗེས་ནོར་བུ་གླིང་ག་དོ་དམ་ཁྲུའུ་ལ་གཡར་ཆོག་མིན་གཏན་འཁེལ་བྱས་པ་ཡིན་ཟེར།

ཟླ་བཞི་བའི་ཟླ་སྨད་ནས་ལས་དོན་སྤེལ་ཚུན། མིག་སྔར་བོད་ཀྱི་གསོ་བ་རིག་པའི་གནམ་རིག་སྐར་རྩིས་དཔེ་རྙིང་ཁྲི3ལྷག་ཙམ་པར་ལེན་ཐུབ་པ་བྱུང་།

“གནའ་གཞུང་བརྙན་པར་འཚོལ་བསྡུ་བྱེད་སྐབས་གཙོ་བོ་པར་ལེན་པ་དང་བཤར་འབེབས་བྱེད་སྟངས་གཉིས་བེད་སྤྱོད་བྱས་པས། གཡར་ཀློག་གི་བརྒྱུད་རིམ་ཧ་ཅང་ནན་མོ་ཡིན”ཞེས་ཚེ་བརྟན་ཕུན་ཚོགས་ཀྱིས་བརྗོད་པ་དང་། ཁོང་གིས་ནོར་བུ་གླིང་ག་དོ་དམ་ཁྲུའུ་ཡི་ལས་དོན་མི་སྣས་རོགས་རམ་འོག་གནའ་དཔེ་གཡར་སྐབས་རྩ་ཆེའི་དཔེ་རྙིང་ལ་ཞིབ་བཤེར་མི་སྣ་གཉིས་ཀྱི་ཡུལ་དངོས་སུ་ཁ་ཕྱེས་ཏེ་རིམ་བཞིན་ཞིབ་བཤེར་བྱེད་དགོས་པ་མ་ཟད། ལྟ་ཞིབ་ཀྱི་དུས་ཚོད་དང་ཆ་ཚང་ཡིན་མིན་གྱི་གནས་ཚུལ་སོགས་ཟིན་ཐོ་བཀོད་རྗེས། སླར་ཡང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ལས་དོན་མི་སྣས་དཔེ་རྙིང་གི་ཆེ་ཆུང་སོགས་འབྲེལ་ཡོད་ཆ་འཕྲིན་ཐོ་འགོད་བྱས་པ་དང་འབྲེལ་བརྙན་པར་ཡང་འཚོལ་བསྡུ་བྱེད་དགོས་ལ། ལས་རིམ་ཚང་མ་ནོར་བུ་གླིང་གའི་ནང་བསྒྲུབ་དགོས་ཟེར།

ལོ10ལྷག་གི་སྔོན་དུ་བོད་རང་སྐྱོང་ལྗོངས་བོད་སྨན་ཁང་གིས་བོད་ཀྱི་གསོ་བ་རིག་པའི་གནམ་རིག་སྐར་རྩིས་གནའ་གཞུང་འཚོལ་བསྡུ་དང་། མྱུར་སྐྱོབ། ལེགས་སྒྲིག་བཅས་ཀྱི་ལས་དོན་སྤེལ་ནས། མིག་སྔར་གནའ་དཔེ100ལྷག་འགྲེམས་སྤེལ་བྱས་པ་དང་། ཐེངས་འདིའི་མཉམ་ལས་ཀྱིས་གནའ་དཔེ་དེ་སྤྱི་ཕན་རང་བཞིན་གྱི་དཔེ་སྐྲུན་འཆར་གཞིའི་ནང་བཀོད་པ་རེད།

ཁོང་གིས། ཐེངས་འདིའི་བོད་ཀྱི་གསོ་བ་རིག་པའི་གནམ་རིག་སྐར་རྩིས་ཀྱི་དཔེ་རྙིང་ལེགས་སྒྲིག་དང་འཚོལ་བསྡུ་བྱས་པ་དེས་བོད་ཀྱི་གསོ་བ་རིག་པའི་བྱ་གཞག་རྒྱུན་འཛིན་དང་འཕེལ་རྒྱས་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་ལ། ཞིབ་འཇུག་དང་བཀོལ་སྤྱོད་བྱེད་པ་དེ་ནད་ཐོག་སྨན་བཅོས་ཀྱི་དགོས་མཁོ་དང་དེ་བཞིན་ཚན་ཞིབ་སློབ་ཁྲིད་ལ་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བཤད།

གཞན་ཡང་རྒྱུས་ལོན་པ་ལྟར་ན། ནོར་བུ་གླིང་ག་རུ་ཉར་ཚགས་བྱས་པའི་གནའ་དཔེ་བསྡོམས་པས1757ཡོད་པ་དང་། ཡོངས་བཤེར་གསལ་འབྱེད་བྱས་པ་བརྒྱུད། ཀྲུང་གོའི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་རིག་དངོས་ཁག57དང་། རིམ་པ་གཉིས་པའི་རིག་དངོས་ཁག302། རིམ་པ་གསུམ་པའི་རིག་དངོས་ཁག805བཅས་ཡོད་པ་རེད། །

གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།