0971-8201019
མ་ཤོག > གསར་འགྱུར། > སྐབས་དོན། >

 

 

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག“བོད་སྨན་གྱི་ཕ་ཡུལ”དུ་ཕེབས་པ།

ཡོང་ཁུངས།   ཀྲུང་གོ་བོད་ཀྱི་དྲ་བ།   |   ཀློག་གྲངས།    

       “ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག བོད་ལྗོངས་ཀྱི་བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་ལ་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་ཡོད་པས། བོད་ལུགས་གསོ་རིག་དང་བོད་སྨན་བྱ་གཞག་རྒྱུན་འཛིན་དང་གོང་འཕེལ་བཏང་ནས། བོད་ལྗོངས་ཀྱི་འཕྲོད་བསྟེན་བྱ་གཞག་ལ་ལེགས་སྐྱེས་འབུལ་དགོས”།  ཟླ8པའི་ཚེས16ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོས་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་བོད་ལུགས་གསོ་རིག་དང་བོད་སྨན་ལོ་རྒྱུས་རིག་གནས་རྟེན་རྫས་བཤམས་སྟོན་ཁང་ལ་ལྟ་སྐོར་དང་བརྟག་ཞིབ་གནང་སྐབས་དེ་ལྟར་གསུངས།

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ནག་ཆུ་གྲོང་ཁྱེར་ལྷ་རི་རྫོང་བོད་ལུགས་གསོ་རིག་སྨན་རྫས་ལོ་རྒྱུས་རིག་གནས་རྟེན་རྫས་

བཤམས་སྟོན་ཁང་ལ་གཟིགས་ཞིབ་ཏུ་ཕེབས་བཞིན་པ

       ལྷ་རི་རྫོང་ནི་བོད་རང་སྐྱོང་ལྗོངས་ནག་ཆུ་གྲོང་ཁྱེར་ཤར་ལྷོའི་རྒྱུད་ཀྱི་ལྷ་སའི་སྐྱིད་ཆུའི་སྟོད་རྒྱུད་དུ་ཆགས་ཡོད་ཅིང་། སྨུག་ཕྱིའི་འོད་ཟེར་འཕྲོ་ཤུགས་ཆེ་བ་དང་ཉིན་མཚན་གྱི་དྲོད་ཚད་ལ་ཧེ་བག་ཧ་ཅང་ཆེ་བས། དེ་གར་རྩི་ཤིང་གི་སྨན་སྣ་མང་བ་དང་། སྐྱེ་དངོས་ཀྱི་གསོན་ཤུགས་མཐོ་བ་སོགས་ལ་རང་བྱུང་ཁོར་ཡུག་གི་ཆ་རྐྱེན་བཟང་པོ་བསྐྲུན་ཡོད། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི3000ནས6000བར་གྱི་རི་མཐོའི་གྲོག་རོང་དང་། བྲག་རི། ནགས་ཚལ་སྟུག་པའི་ས་ཁུལ་བཅས་སུ་སྨན་སྣ་རྩ་ཆེན་མང་པོ་སྐྱེས་ཡོད་པས། ཕུན་སུམ་ཚོགས་པའི་སྨན་རྫས་ཐོན་ཁུངས་ཀྱིས་ས་གནས་དེ་གའི་བོད་ལུགས་གསོ་རིག་དང་བོད་སྨན་འཕེལ་རྒྱས་ལ་རྨང་གཞི་བརྟན་པོ་བཏིང་ཡོད་ལ། ལྷ་རི་རྫོང་དུ་བོད་ལུགས་གསོ་རིག་གི་ཤེས་ལྡན་མི་སྣ་མང་དུ་ཡོད་པས་མིང་དོན་མཚུངས་པའི“བོད་ལུགས་གསོ་རིག་གི་ཕ་སར”གྱུར་ཡོད།  
       སྨན་བཅོས་འཕེལ་རྒྱས་ཀྱི་འགག་རྩ་ནི་ཤེས་ལྡན་མི་སྣ་ཡིན་པས། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ཐོག་མར་རྟེན་རྫས་བཤམས་སྟོན་ཁང་གི་ཆེད་མཁས་པའི་སྒོ་བསྟེན་སྨན་བཅོས་ཁང་དང་རིག་གཞུང་འཆད་ཁྲིད་ཚོམས་ཆེན་དུ་ཕེབས་ཡོད་པ་རེད། རིག་གཞུང་འཆད་ཁྲིད་ཚོམས་ཆེན་དུ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་སྒྲོག་ཙེའི་སྟེང་གི་སློབ་མའི་ཟིན་བྲིས་ལ་ཞིབ་མཇལ་གནང་བ་རེད། དེའི་རྗེས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་སྨན་རྫས་ཚོམས་ཆེན་དང་། བོད་ལུགས་གསོ་རིག་ཡོ་བྱད་འགྲེམས་སྟོན་ཁང་། སྨན་རྫས་མ་དཔེ་ཁང་། བྱང་ཐང་སྨན་པ་གྲགས་ཅན་རྒྱུན་འཛིན་ངོ་སྤྲོད་ཁང་། བོད་ལུགས་གསོ་རིག་གནའ་ཤུལ་སྨན་གཞུང་ཁང་། སྨན་རྩིས་ཐང་ག་ཁང་། གནམ་རིག་སྐར་རྩིས་ཁང་སོགས་ལ་གཟིགས་ཞིབ་དང་བརྟག་ཞིབ་གནང་བ་རེད། ལྷ་རི་རྫོང་སྨན་རྩིས་ཁང་གི་ཆེད་མཁས་པས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ལྷ་རི་རྫོང་བོད་ལུགས་གསོ་རིག་དང་བོད་སྨན་ལོ་རྒྱུས་རིག་གནས་རྟེན་རྫས་བཤམས་སྟོན་ཁང་འཛུགས་སྐྲུན་བྱས་ཚུལ་དང་དེ་བཞིན་འགྲེམས་སྟོན་བྱས་པའི་རིག་དངོས་རིམ་པའི་རྩ་ཆེའི་འགྲེམས་སྟོན་དངོས་རྫས་དག་ཞིབ་ཕྲའི་ངོ་སྤྲོད་གནང་བ་རེད།
       སྲོལ་རྒྱུན་བོད་ལུགས་གསོ་རིག་གི་གཅེས་ནོར་དག་ལྷ་རི་རྫོང་བོད་ལུགས་གསོ་རིག་གི་ལོ་རྒྱུས་རིག་གནས་རྟེན་རྫས་བཤམས་སྟོན་ཁང་དུ་སྔར་བས་ཕུན་སུམ་ཇེ་ཚོགས་སུ་ཕྱིན་ཡོད། གཟིགས་ཞིབ་དང་བརྟག་དཔྱད་ཞིབ་འཇུག་གནང་སྐབས། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ལྷ་རི་རྫོང་སྨན་རྩིས་ཁང་གི་ཆེད་མཁས་པ་དང་ཞལ་མོལ་གནང་ནས་འགྲེམས་སྟོན་ཁང་གི་བོད་ལུགས་གསོ་རིག་གི་སྲོལ་རྒྱུན་སྨན་བཅོས་ཡོ་བྱད་ཀྱི་ཕྱོགས་ལ་ཞིབ་ཕྲའི་བཀའ་འདྲི་གནང་བ་དང་། གནའ་བོའི་གསོ་རིག་དཔེ་དེབ་ལ་ཞིབ་གཟིགས་དང་སྨན་གྱི་གཞུང་ཆེན་བཞིའི་གསོ་རིག་ཐང་གར་གཟིགས་པ་མ་ཟད། ད་དུང་བོད་ལུགས་གསོ་རིག་གི་ཆེད་མཁས་པ་རྣམས་ལ་རེ་བ་ནན་མོ་བཏོན་དེ། ལྷ་རི་རྫོང་གི་བོད་ལུགས་གསོ་རིག་གི་ལོ་རྒྱུས་རིག་གནས་དང་དངོས་མང་བཤམས་སྟོན་ཁང་ཕྱི་ཕྱོགས་ལ་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བར། དྲིལ་བསྒྲགས་བྱེད་ཐབས་སྣ་ཚོགས་སྤྱད་ནས་སྔར་ལས་ལྷག་པའི་སྒོ་ནས་མི་མང་བོས་བོད་ལུགས་གསོ་རིག་དང་བོད་སྨན་གྱི་འོད་སྟོང་འཕྲོ་བའི་རིག་གནས་ལ་ཤེས་རྟོགས་ཐུབ་པར་བྱེད་པ་དང་། རིག་དངོས་ཀྱི་ནང་དོན་སྔར་བས་མཐོ་རུ་གཏོང་བ་དང་ཡུལ་སྐོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཞེས་གསུངས།

        ལྷ་རི་རྫོང་བོད་ལུགས་གསོ་རིག་དང་བོད་སྨན་ལོ་རྒྱུས་རིག་གནས་རྟེན་རྫས་བཤམས་སྟོང་ཁང་དེ་ནི2015ལོར་བཙུགས་པ་ཞིག་ཡིན་ཞིང་། མིག་སྔར་བོད་འབྲེལ་བྱ་བའི་གཙོ་གནད་ཞིང་ཆེན་གྱི་བོད་ལུགས་གསོ་རིག་དང་བོད་སྨན་རིག་གནས་ཀྱི་ནང་དོན་མངོན་པའི་ཕྱོགས་བསྡུས་རྣམ་པའི་རྫོང་རིམ་པའི་རྟེན་རྫས་བཤམས་སྟོན་ཁང་གཅིག་པུ་ཡིན། ཁྱོན་སྲོག་ཆགས་དང་རྩི་ཤིང་གི་གཏེར་རྫས་དངོས་དཔེ2000ལྷག་ཙམ་འགྲེམས་སྟོན་བྱས་ཡོད་ལ། བོད་ལུགས་གསོ་རིག་གི་སྨན་ཐང་ཆེ་གྲས80དང་གནམ་རིག་སྐར་རྩིས་ཀྱི་ཐང་ག20ལྷག་ཙམ་དང་། སྲོལ་རྒྱུན་བོད་ལུགས་གསོ་རིག་གི་ཕྱི་ནད་ཚན་ཁག་གི་ཡོ་བྱད350ལྷག་ཙམ་(ལོ1300ཡི་ལོ་རྒྱུས་ལྡན་པ)གྱི་གནའ་དཔེ་དང་ཚད་ལྡན་ཡིག་ཆ1000ལྷག་ཙམ་བཅས་ཡོད། དེའི་སྨན་ཐང་དང་ཡོ་བྱད་འགྲེམས་སྟོན་ཁང་དུ་འགྲེམས་སྟོན་བྱས་པའི་ཐང་ག380ལྷག་ཙམ་ནི་གསོ་རིག་ལོ་རྒྱུས་སྟེང་མཐོང་དཀོན་པའི་རྩ་ཆེ་བའི་རིག་དངོས་ཡིན། ལྷ་རི་རྫོང་སྨན་རྩིས་ཁང་གིས་ཞིབ་འཇུག་གསར་གཏོད་བྱས་པའི“མུ་ཏིག་ཟླ་འོད་རྡོ་རྗེའི་རིལ་བུ”དང“འབྲི་ཁུང་གྲང་སྦྱོར་རྒྱལ་པོའི”བོད་སྨན་རིགས་གཉིས་ལ་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུའུ་ཀྱི་ཁེ་བེད་བདག་དབང་ཐོབ་ཡོད་པ་དང་། “མཆིན་སྲུང་སྨན་”དང་། “མུ་ཏིག་ཁྲག་དྭངས་རིལ་བུའི”བོད་སྨན་རིགས་གཉིས་ད་ལྟ་དངོས་སུ་རྒྱལ་ཁབ་ཀྱི་སྨན་རྫས་རྗེས་མཐུན་ཨང་རྟགས་ལ་རེ་ཞུ་བྱེད་བཞིན་ཡོད་པ་རེད། ། 

གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།