0971-8201019
མ་ཤོག > གསར་འགྱུར། > སྐབས་དོན། >

 

 

འབའ་རྫོང་བོད་སྨན་ཁང་གིས་སྨན་རྫས་རྒྱུ་ཆའི་ཞིབ་བཤེར་གཏན་འབེབས་ཚོགས་འདུ་བསྡུས།

ཡོང་ཁུངས།   མཚོ་སྔོན་པོ་དྲ་བ།   |   ཀློག་གྲངས།    

       འབའ་རྫོང་བོད་སྨན་ཁང་གི་བོད་སྨན་སྦྱོར་སྡེ་ཡི་སྡེབ་སྦྱོར་ཚུལ་བཞིན་བྱེད་པ་དང་ཐོན་སྐྱེད་ནུས་པ་མངོན་གསལ་གྱིས་མཐོར་འདེགས་སུ་གཏོང་བ། ནད་ཐོག་སྨན་རྫས་གྲུབ་ཆ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་དང་ནད་ཐོག་སྨན་རྫས་དགོས་མཁོ་ཡིད་བཞིན་བསྐོང་བ། ནད་ཐོག་སྨན་རྫས་བདེ་འཇགས་འགན་སྲུང་ཚུལ་བཞིན་བྱེད་པ་བཅས་ཀྱི་ཆེད་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ལུགས་གསོ་རིག་བྱ་བའི་ལས་དོན་སྟེང་ཀྲུང་ལུགས་གསོ་རིག་གི་འཕེལ་རྒྱས་ཆོས་ཉིད་བརྩི་སྲུང་དང་ཉིང་བཅུད་རྒྱུད་འཛིན། སྙིང་བོ་བཟུང་ནས་གསར་བཏོད་བྱེད་པའི་གསུང་བཤད་ཀྱི་དགོངས་དོན་ལྟར། ཉེ་སྔོན། མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་སློབ་ཚོགས་ཀྱི་རོགས་སྐྱོར་འོག འབའ་རྫོང་བོད་སྨན་ཁང་གིས་རཏྣ་བསམ་འཕེལ་དང་རིན་ཆེན་གྲང་སྦྱོར་ཆེན་མོའི་སྨན་རྫས་རྒྱུ་ཆའི་ཆེད་མཁས་ཞིབ་བཤེར་གཏན་འབེབས་ཚོགས་འདུ་ཞིང་ཆེན་བོད་སྨན་ཁང་གི་སྒོ་བསྟེན་ཐོག་ཁང་གི་ལྔ་ཐོག་ཚོགས་འདུའི་ཁང་དུ་གཟབ་རྒྱས་ངང་བསྡུས།
       ཐེངས་འདིའི་ཞིབ་བཤེར་གཏན་འབེབས་ཚོགས་འདུའི་དམིགས་ཡུལ་ནི་རཏྣ་བསམ་འཕེལ་དང་རིན་ཆེན་གྲང་སྦྱོར་ཆེན་མོའི་སྨན་རྫས་རྒྱུ་ཆ་ཞིབ་བཤེར་གཏན་འབེབས་དང་འབྲེལ་ཡོད་ལས་རིམ་ལ་བགྲོ་གླེང་བྱེད་པ་དེ་ཡིན། ཞིབ་བཤེར་གཏན་འབེབས་ཀྱི་ཆེད་མཁས་དང་ཚོགས་ཞུགས་མི་སྣ་དག་ནི་ཀྲུང་བོད་ལུགས་གསོ་རིག་སྨན་རྫས་དོ་དམ་ཅུའུ་རྟོག་ཞིབ་གཞོན་པ་དཔལ་ལྡན་ནོར་བཟང་། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པའམ་དྲུང་ཡིག་ཆེན་མོ། མཚོ་སྔོན་ཞིང་ཆེན་མ་བུ་བདེ་སྲུང་གླིང་གི་ཏང་ཨུའི་ཧྲུའུ་ཅི་དབང་ཆེན་ཚེ་བརྟན། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་གླིང་གཙོ་ཀླུ་བྱམས་རྒྱལ། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་སློབ་ཚོགས་ཀྱི་དྲུང་ཡིག་གཞོན་པ་པདྨ་རབ་བརྟན། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་རབ་འབྱམས་སྨན་པ་རིག་འཛིན་རྡོ་རྗེ། མཚོ་སྔོན་སློབ་ཆེན་བོད་གསོ་རིག་སློབ་གླིང་གི་སློབ་དཔོན་ཆེན་མོ་རྒན་ཙི་བྷ་ལགས། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་སྡེབ་སྦྱོར་ཚན་ཁག་གི་ཚན་གཙོ་རྡོ་རྗེ་ཚེ་རིང་ལགས། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་སྡེབ་སྦྱོར་ཚན་ཁག་གི་སྨན་ངོ་ངོས་འཛིན་གྱི་ཆེད་མཁས་བསོད་ནམས་དབང་ཕྱུག་ལགས། འབའ་རྫོང་བོད་ལུགས་སྨན་ཁང་གི་གླིང་གཙོ་བསམ་འགྲུབ་རྒྱལ་ལགས་སོགས་ཚོགས་ཞུགས་བྱས་ཡོད་པ་དང་ཚོགས་འདུར་འབའ་རྫོང་བོད་སྨན་ཁང་གི་གླིང་གཙོ་གཞོན་པ་ཡིད་བཞིན་དབང་རྒྱལ་ལགས་ནས་ཚོགས་འདུར་འགོ་འཛིན་མཛད།
ཚོགས་ཐོག་ཏུ་ཐོག་མར་ཆེད་མཁས་ཚན་ཁག་གི་ཚན་གཙོ་དབང་ཆེན་ཚེ་བརྟན་ལགས་ནས་གཏམ་བཤད་གནང་། ཁོས་གསུང་རྒྱུར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། མཚོ་སྔོན་ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་རྒྱབ་སྐྱོར་དང་ཀྲུང་ལུགས་གསོ་རིག་ལས་དོན་འཕེལ་རྒྱས་ཐད་རབ་དང་རིམ་པའི་སྲིད་ཇུས་བཟང་བོ་ཐོན་ཡོད་པས། འདི་ནི་བོད་ལུགས་གསོ་རིག་གི་ལས་དོན་གཉེར་མཁན་ཞིག་ལ་མཚོན་ན་བསྐལ་བ་སྟོང་ལ་འཕྲད་དཀའ་བའི་གོ་སྐབས་བཟང་བོ་རེག་ཡོད། ཉེ་བའི་ལོ་འགར་གཞི་རིམ་བོད་ལུགས་གསོ་རིག་སྨན་བཅོས་སྡེ་ཁག་ཞབས་ཞུའི་ནུས་པ་མཐོ་རུ་ཕྱིན་པ་དང་རིག་གཞུང་ལ་གོང་བཀུར་བྱས་ཏེ་རང་ཉིད་ཀྱི་ཁྱད་ཆོས་མངོན་པར་དོད་པའི་གསབ་སྦྱོང་འཛིན་གྲྭ་སྒྲུབ་ཡོད། འབའ་རྫོང་བོད་ལུགས་སྨན་ཁང་གིས2017ལོའི་དགུན་ཁར་སྤེལ་བའི་རིན་ཆེན་དངུལ་ཆུ་བཙོ་བཀྲུ་ཆེན་མོའི་འདུལ་སྦྱོང་གི་གསབ་སྦྱོང་འཛིན་གྲྭ་དང་ལོ་རེར་སྤེལ་བཞིན་པའི་སྨན་ངོ་ངོས་འཛིན་གྱི་གསབ་སྦྱོང་འཛིན་གྲྭ་སྒྲུབ་པ་སོགས་ཀྱིས་འབའ་རྫོང་མ་ཟད། ཞིང་ཆེན་ཡོངས་ཀྱི་བོད་ལུགས་གསོ་རིག་འཕེལ་རྒྱས་ཐད་ལ་ཤུགས་རྐྱེན་ལེགས་པོ་ཐེབས་ཡོད། ཐེངས་འདིའི་རཏྣ་བསམ་འཕེལ་དང་རིན་ཆེན་གྲང་སྦྱོར་ཆེན་མོའི་སྡེབ་སྦྱོར་ནི་རྫོང་རིམ་པའི་བོད་སྨན་ཁང་ལ་མཚོན་ལ་ཧ་ཅང་གལ་ཆེ་ཞིང་གླེང་རིན་ཡོད་པའི་དོན་ཞིག་ཡིན་པས། རེ་བར་ཆེད་མཁས་རྣམས་པས་ནན་ཏན་གྱིས་ཞིབ་བཤེར་བྱེད་རྒྱུར་རེ་བ་ཡོད། འདི་ལྟ་བུའི་ཞིབ་བཤེར་གཏན་འབེབས་ཚོགས་འདུ་ནི་ཞིང་ཆེན་ཡོངས་ཀྱི་བོད་སྨན་སྨན་ངོ་ངོས་འཛིན་ཚད་ལྡན་ཅན་དང་ས་ཁོངས་རང་བཞིན་གྱི་གཅིག་གྱུར་ཐད་ལ་སྐུལ་འདེད་གཏོང་བའི་ནུས་པ་བླ་མེད་ལྡན་ཞེས་གསུང་།
       ཡུལ་དངོས་ནས་སྨན་རྫས་ངོས་འཛིན་དང་གསལ་འབྱེད་བྱེད་པའི་གོ་རིམ་ཁྲོད། ཆེད་མཁས་རྣམས་ཀྱིས་སྨན་རྫས་ལ་ལྟ་རེག་མྱོང་གསུམ་གྱི་གོ་རིམ་བརྒྱུད་ནས་རེ་རེ་བཞིན་ཟིན་ཐོ་རུ་བཀོད་པ་དང་བགྲོ་གླེང་བརྒྱུད་རེ་འཆར་ཡང་གནད་དུ་སྨིན་པ་བཏོན་ཡོད་དེ། གཅིག་ནས་སྐྱེ་དངོས་རིགས་ཀྱི་སྨན་རྫས(པྲི་ཡང་ཀུ་ལ་སོགས)རེ་འགའ་ཅུང་རྙིང་བར་གྱུར་བས་གསར་བར་བརྗེ་བ། གཉིས་ནི་འདུལ་སྦྱོང་གི་གོ་རིམ་བོད་ལུགས་གསོ་རིག་གི་གཞུང་ལྟར་ཆོ་ག་ཕྱག་ལེན། རབ་གནས་ཀྱི་གོ་རིམ་ནོར་འཛོལ་མེད་པར་བྱས་ནས་སྨན་གྱིས་ནད་པར་ཕན་ཐོགས་པ་དང་སྨན་གྱི་བདེ་འཇགས་ལ་འགན་སྲུང་བྱེད་པ། གསུམ་ནི་སྨན་ངོ་ངོས་འཛིན་གཅིག་གྱུར་བྱེད་པ། ཨར་ནག་དང་ཙན་དཀར་སོགས་ཀྱི་ངོས་འཛིན་ལ་ཐེ་ཚོམ་འདུག་ཅེས་ཕྱོགས་ཆེན་པོ་གསུམ་ནས་རེ་འཆར་བཏོན། 


གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།