0971-8201019
མ་ཤོག > གསར་འགྱུར། > སྐབས་དོན། >

 

 

ངོས་བཟུང་རྟགས་ལས་སྤང་བླང་མུ་བཞིར་བརྟག་པ།

ཡོང་ཁུངས།   བོད་ཀྱི་གསོ་རིག   |   ཀློག་གྲངས།    

 

དང་པོ། གསོ་སླ་བ།

གསོ་སླ་བ་ལ་ཡན་ལག་དུ་མ་དང་ལྡན་པའི་སྒོ་ནས་གསོ་སླ་བ་དང་།གང་ཟག་ནད་པའི་སྒོ་ནས་གསོ་སླ་བ་དང་། ནད་ཀྱི་སྒོ་ནས་གསོ་སླ་བ་བཅས་གསུམ་ཡོད། 

༡ ཡན་ལག་སྒོ་ནས་གསོ་སླ་བ།

ཡན་ལག་དུ་མ་དང་ལྡན་པའི་སྒོ་ནས་གསོ་སླ་བ་ལ་སྨན་པ་དང་། སྨན།ནད་གཡོག་གི་ཡན་ལག་སྟེ་རྣམ་པ་གསུམ།

སྨན་པ།

སྨན་པ་གང་ཞིག་མཁས་པའི་སྟེགས་ལ་འཛེགས་པ་སྟེ་གཞན་ལས་ཁྱད་པར་དུ་ཐོན་ནས་རིག་པའི་གནས་ལྔ་སྤྱི་དང་ཁྱད་པར་དུ་གསོ་བ་རིག་པས་མངོན་པར་མཐོ་བ་དང་།རྒྱུད་དང་བསྟན་བཅོས་དང་ལུང་དང་མན་ངག་བཞིའི་སྒོ་ནས་གཞུང་གི་དོན་མཐའ་དག་ཤེས་པ་དང་།བརྟག་པ་དང་སྨན་དང་དཔྱད་དང་ཟས་སྤྱོད་བསླབ་པ་བཞིའི་ལས་རྣམས་མ་ལུས་པ་སློབ་དཔོན་གྱིས་ཉམས་ལེན་མཐོང་བ་ཇི་བཞིན་དུ་རང་གིས་གོམས་པ་དང་།རིགས་ངན་ཞིང་འཆོལ་བ་དང་ནད་པའི་ནོར་ལ་བརྣབ་སེམས་ཀྱི་བློ་དང་།ཕྱོགས་རིགས་ཅན་གྱི་སྙིང་རྗེ་དང་།སྨན་དཔྱད་ལ་སླ་ཐབས་ཀྱི་ཆོ་ག་ཁྲག་འཁྲུགས་ཡིད་དུ་མི་འོང་བར་བྱེད་པའི་སྐྱོན་རྣམས་དང་བྲལ་བས་གཙང་བ་སྟེ།སྨན་པའི་ཡན་ལག་འདི་དག་དང་ལྡན་ན་ནད་གང་ཡང་གསོ་སླ་བ་ཡིན་ཏེ།སྨན་པ་ནི་གསོ་བར་བྱེད་པའི་གཙོ་བོ་ཡིན་པས་སོ།། 

སྨན།

ཐང་ཕྱེ་ལ་སོགས་པའི་ཆོ་ག་མི་འདྲ་བ་མང་པོ་སྦྱར་དུ་རུང་བ་དང་།ལྕི་སྣུམ་ལ་སོགས་ཡོན་ཏན་མང་དུ་ལྡན་པ་དང་། སྐྱེ་སར་སྐྱེས་པ་སོགས་སྨན་གྱི་རང་བཞིན་ཕུན་སུམ་ཚོགས་ཤིང་།རོ་ནུས་སོགས་ཁམས་དང་འཕྲོད་པར་སྦྱོར་བ་དང་བཞི་ལྡན་ན་གསོ་སླ་བའི་རྒྱུའོ།། 

ནད་གཡོག

ནད་པའི་བཟའ་བཏུང་སོགས་དུས་ལས་མི་ཡོལ་བར་སྟེར་བ་ལ་སྒྲིན་ཞིང་བརྩོན་པ་དང་།ནད་པ་སོགས་ཉམ་ཐག་པར་ལྷག་པར་བརྩེ་བ་དང་།ཟས་སྤྱོད་སོགས་ཀུན་ལ་ལུས་ངག་ཡིད་གསུམ་གཙང་སྦྲ་ཆེ་བ་དང་།སྨན་པས་གང་བསླབས་པ་ཀུན་ཤེས་པའི་བློ་གྲོས་ཆེན་པོ་དང་ལྡན་ན་ནད་དེ་གསོ་སླ་བའོ།། དེ་བས་ནད་གཡོག་ལས་སྨན་གཙོ་ཆེ།སྨན་ལས་སྨན་པ་གཙོ་ཆེ་སྟེ་གོ་རིམ་ངེས་པ་ཡིན་ནོ།།

༢ གང་ཟག་ནད་པའི་སྒོ་ནས་གསོ་སླ་བ།

གང་ཟག་ནད་པ་སྐྱེས་བུ་ཡིན་པ་དང་།ལང་ཚོ་གཞོན་ཞིང་དར་བ་དང་། རང་བཞིན་བཟང་ཞིང་དུལ་བ་དང་།ནད་ཡུན་སོགས་ལ་ཞུམ་པ་མེད་པའི་སྙིང་སྟོབས་ལྡན་ཞིང་དཔའ་བ་དང་།ཞི་སྦྱང་དང་འཇམ་རྩུབ་སོགས་ཀྱི་སྨན་དཔྱད་ཀུན་བཟོད་པར་ནུས་པ་དང་།ནོར་རྫས་ཕྱུག་ཅིང་གཏོང་ཕོད་ཆེ་བ་དང་།སྨན་པས་ཇི་ལྟར་བསྒོ་བ་ཉན་ལ་གཅེས་པར་འཛིན་པ་དང་། ནད་ཀྱི་རྒྱུ་རྐྱེན་ཞུགས་ཚུལ་སོགས་ཤེས་པར་ནུས་པ་དང་།སྨན་པས་དྲིས་པའི་ནད་རྟགས་སློང་རྐྱེན་སོགས་ཟློས་སམབརྗོད་མཁས་པའང་གསོ་སླ་བའི་ཡུལ་ཡིན་ནོ།།

༣ ནད་ཀྱི་སྒོ་ནས་གསོ་སླ་བ།

ནད་ཀྱི་སྒོ་ནས་གསོ་སླ་བ་ལ་ཆུན་མོང་གི་ནད་དང་།ཁྱད་པར་གྱི་ནད་བཅས་གཉིས་ཡོད།

ཐུན་མོང་གི་ནད།

ནད་ཀྱི་རྒྱུའམ་ནད་གཞི་དང་། ནད་དེ་སྔར་ཇི་ལྟར་ལྡང་བའི་ཚུལ་དང་།མཚན་ཉིད་དམ་ནད་རྟགས་རྣམས་ཆུང་བ་དང་དངས་མ་ལ་སོགས་པའི་གནོད་བྱ་དང་།ངད་ཅན་གྲང་བ་ལ་སོགས་པའི་ཡུལ་དང་། དབྱར་ལ་སོགས་པའི་དུས་དང་།རླུང་གི་མི་ལ་སོགས་པའི་རང་བཞིན་རྣམས་མི་མཚུངས་པ་སྟེ།དཔེར་ན་རུས་པའི་གནས་སུ་མཁྲིས་པ་བབས་པ་དང་། ངད་ཅན་གྲང་བའི་ཡུལ་དུ་མཁྲིས་པ་སྐྱེས་པ་དང་།དབྱར་དང་དགོང་ཐོ་རངས་མཁྲིས་པ་ལྡང་བ་དང་།རླུང་གི་རང་བཞིན་ཅན་གྱི་མི་ལ་མཁྲིས་པའི་ནད་ཀྱིས་བཏབ་པ་ལྟ་བུ་ཐམས་ཅད་འཛོམ་པའམ་གཅིག་གཉིས་ཙམ་ཚོགས་ནའང་གསོ་སླ་བ་ཡིན་ལ།ནད་གཅིག་བྱུང་བའི་སྟེང་དུ་བླ་གཉན་གྱི་ནད་མེད་པ་དང་། འཇུག་སྒོ་དྲུག་ལས་གང་རུང་གཅིག་ལ་ཞུགས་པ་དང་།ལྡན་འདུས་སུ་མ་གྱུར་པའི་རྐྱང་པ་དང་། ནད་མ་རྙིང་པའི་གསར་པ་སྟེ། ནད་དེ་རྣམས་གསོ་བར་སླའོ།།

ཁྱད་པར་གྱི་ནད།

 ནད་འགའ་ཞིག་ལ་ཡུལ་དུས་མཚུངས་ཤིང་གནོད་བྱ་མཉམ་པ་དང་།རྙིང་པ་གསོ་སླ་བ་དག་ཀྱང་ཡོད་དེ། རིམས་ལྟ་བུ་ལ་ཡུལ་སྐམ་ས་ཚ་གདུང་ཆེ་སར་སྐྱེས་པ་དང་།དུས་སྟོན་ཀ་དང་ཉིན་དགུང་མཚན་དགུང་ལྡང་བ་དག་གཅིག་ཏུ་ཚོགས་ཤིང་མཚུངས་པ་དང་ཆུ་འགགས་ཀྱི་ནད་ལ་གནོད་བྱ་བཤང་གཅི་གཉིས་མཉམ་པ་དང་།ཁྲག་གི་སྐྲན་ཡུན་རིང་རྙིངས་པར་གྱུར་པ་ཉིད་གསོ་བར་སླའོ།། 

གཉིས་པ། གསོ་དཀའ་བ།

གོང་གི་ཡན་ལག་དང་ནད་པ་དང་ནད་ཀྱི་སྒོ་ནས་གསོ་སླ་བའི་ཆ་ཤས་དེ་དག་འགའ་ཞིག་ཡོད་ཀྱང་ཕལ་ཆེར་མེད་པའམ།ལ་ལ་འཛོམ་ཡང་ལ་ལ་མ་འཛོམ་པས་ན་གསོ་སླ་བ་དང་སླ་བ་མ་ཡིན་པ་ཕན་ཚུན་འདྲེས་པ་སྟེ།དཔེར་ན་ནད་པ་དང་ནད་ཀྱི་སྒོ་ནས་གསོ་སླ་བའི་མཚན་ཉིད་ཡོད་ཀྱང་སྨན་པའི་ཡན་ལག་མ་ཚང་བ་དང་།སྨན་པ་མཁས་པ་ཡིན་ཀྱང་ནད་པ་དང་ནད་ཀྱི་སྒོ་ནས་གསོ་སླ་བ་ལས་ལྡོག་པ་སྨན་དཔྱད་རིམ་གྲོ་ལ་སོགས་པ་ཐབས་མང་པོའི་སྒོ་ནས་ཡུན་རིང་དུ་གསོ་དགོས་པ་དེ་ལྟ་བུ་ནི་གསོ་དཀའ་བའོ།།

གསུམ་པ། གསོ་བ་ཙམ།

གསོ་སླ་བ་དང་དཀའ་བ་དེ་ལས་གོ་ལྡོག་པར་གྱུར་ནས་གསོ་བར་མི་ནུས་པ་དེ་ལྟ་བུ་ལ་སྔར་ནས་མང་དུ་གོམས་པའི་ཁ་ཟས་དང་སྤྱོད་ལམ་ཙམ་གྱིས་ཕན་པ་ཉིད་ཡིན་ཏེ།ནད་དེ་ཉིད་ཀྱིས་གཏོང་བར་བྱེད་པ་མ་ཡིན་ཡང་ལས་ཀྱིས་འཕངས་པའི་ཚེའི་ལྷག་མ་ཙམ་ལུས་ནས་རེ་ཞིག་མི་འཆི་བ་ཡོད་སྲིད་པས་ན་གསོ་བ་ཙམ་སྟེ་གསོ་བའི་ཚུལ་ལྟར་བྱེད་པའོ།།

བཞི་པ། སྤང་བར་བྱ་བ།

སྤང་བར་བྱ་བ་ལ་གསོ་བའི་ཐབས་ཡོད་ཀྱང་སྤང་བར་བྱ་བ་དང་།གསོ་ཐབས་མེད་པས་སྤང་བར་བྱ་བ་དང་རྣམ་པ་གཉིས་ཡོད། 

༡ གསོ་བའི་ཐབས་ཡོད་ཀྱང་སྤང་བར་བྱ་བ།

ནད་པ་གང་ཞིག་ཆོས་ཀྱི་རྒྱལ་པོ་ལ་མི་གུས་པ་དང་། དགེ་བའི་བཤེས་གཉེན་དང་འགྲོ་བ་སེམས་ཅན་རྣམས་ལ་སྡང་བ་དང་།སྨན་པས་སྔར་ཕན་བཏགས་པ་ལ་དྲིན་དུ་མི་གཟོ་ཞིང་སླར་སྨན་པ་ལ་བརྙས་པར་བྱེད་ཅིང་།ནད་འཆོས་པའི་ལོང་མེད་པར་བྲེལ་བ་དང་།སྨན་དཔྱད་རིམ་གྲོ་སོགས་བྱེད་པའི་འབྱོར་པ་མི་ལྡན་པ་དང་། སྨན་པས་བསྒོ་བའི་བསླབ་བྱ་ལ་མི་ཉན་པ་དང་།ཚེ་ཟད་ཅིང་རྟག་ཏུ་མྱ་ངན་གྱིས་མནན་པ་རྣམས་ནི་གསོ་ཐབས་ཡོད་ཀྱང་འགལ་རྐྱེན་གྱིས་དེ་རྣམས་ཀྱིས་མི་སོས་པའི་གྲོགས་བྱས་ནས་ཤི་ན་སྨན་པ་དེས་བསད་དོ་ཞེས་གྲགས་པ་ངན་པ་འབྱུང་བའི་ཕྱིར་གསོ་ཐབས་ཡོད་ཀྱང་ཐབས་མཁས་ཀྱིས་སྤང་བར་བྱའོ།།

༢ གསོ་ཐབས་མེད་པས་སྤང་བར་བྱ་བ།

ནད་གང་གསོ་བ་ཙམ་གྱི་ཚུལ་ལས་ཀྱང་ཕྱིན་ཅི་ལོག་ཏུ་གནས་པ་སྟེ་ནད་ཤིན་ཏུ་རྙིང་ནས་གཏིང་དུ་ཞེན་པ་ལྟ་བུ་དང་།ངེས་པའི་འཆི་ལྟས་རྣམས་སྣང་བ་དང་། འཚོ་བ་གསུམ་ཟད་པ་སོགས་སྲོག་གཅོད་ནད་དགུ་གང་རུང་གིས་ལུས་ཡོངས་སུ་བཟུང་ན་སྨན་པས་སྤང་བར་བྱ་སྟེ་སངས་རྒྱས་སྟོང་གི་ཐུགས་རྗེས་ཀྱང་འཚོ་བའི་ཐབས་སུ་འགྱུར་བ་མ་ཡིན་ནོ།།

གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།