0971-8201019
མ་ཤོག > གསར་འགྱུར། > སྐབས་དོན། >

 

 

ངོས་བཟུང་རྟགས་ལས་ངན་གཡོ་སྐྱོན་གྱི་སྒོ་ནས་བརྟག་པ།

ཡོང་ཁུངས།   བོད་ཀྱི་གསོ་རིག   |   ཀློག་གྲངས།    

 

 

དང་པོ། མཚན་ཉིད་ཤེས་པར་བྱ་བ།

ནད་ཀུན་གྱི་སྤྱི་དང་ཁྱད་པར་གྱི་རྟགས་རྒྱུ་རྐྱེན་ཞུགས་ཚུལ་མཚན་ཉིད་སོགས་ནད་གནས་དང་།ནད་པའི་ལུས་ཀྱི་ཆ་ཤས་འདི་ལྟ་བུ་ཞིག་ན་ཞེས་སྨོས་པ་ཙམ་ལས་དེ་ནི་ནད་འདི་འདྲ་ཞིག་འོང་སྙམ་དུ་འཁྲུལ་མེད་རྟོགས་པར་འགྱུར་བས་ནད་ཀུན་གྱི་མཚན་ཉིད་ལ་གོམས་ཤིང་འདྲིས་པར་གཅེས་ཏེ།དཔེར་ན་ཚོང་པས་རིན་ཆེན་གསེར་སོགས་ལ་འདྲིས་ཤིང་གོམས་པས་མཐོང་བ་ཙམ་གྱིས་བཟང་ངན་ཤེས་པ་དང་འདྲའོ།།

གཉིས་པ། མཚང་འབྲུ་བ།

ཕོ་ཉ་བ་ནད་པ་དང་འབྲེལ་ཞིང་རྒྱུས་ཡོད་པ་ཞིག་ལ་གཡོ་ཐབས་མཁས་པའི་ངག་གིས་བརྟག་པར་བྱ་ཕྱིར་རྐང་སྐྱ་ཅི་རིགས་སྣ་ཚོགས་དང་སྤེལ་ནས་ནད་པ་དེའི་ལུས་ཀྱི་ཆ་ཤས་ཅི་ན།ན་ལུགས་ཇི་ལྟར་ན། ཟས་སྨན་གང་འདྲ་བཏང་། སྨན་པ་སུ་ཡིན་དང་།ཞག་གྲངས་དུ་ཙམ་སོང་ཞེས་སོགས་དྲི་བའི་སྒོ་ནས་ལེགས་པར་དཔྱད་པས་ནད་པ་དེ་ཉིད་ཀྱིས་མི་སྨྲ་བའི་སྔ་རོལ་ནས་ཆ་ཙམ་མངོན་པར་ཤེས་པར་འགྱུར་རོ།།

གསུམ་པ། དུས་བསྲིང་བ།

ནད་གང་ཡང་ལྟ་རེག་ཙམ་གྱིས་འཁྲུལ་མེད་དུ་མ་ཤེས་ན་རེ་ཞིག་ནད་པའི་རྩར་དུས་བསྲིང་ཞིང་རིངས་སྟབས་མ་ཡིན་པ་ཐང་གཅིག་གཉིས་བག་ཕབ་ལ་གནས་ནས།སྡོད་རིང་དེ་བར་ལ་ལུས་ངག་གི་བྱ་བ་མ་ཡེངས་གཏམ་གྱི་སྒོ་ནས་འདྲི་ཞིང་རྣམ་འགྱུར་ལ་དཔྱད་པས་རྟོགས་པར་འགྱུར་རོ།།

བཞི་པ། རྗེས་བཅད་པ།

སྔར་སྨན་པ་གཞན་གྱིས་གཏར་བསྲེག་སོགས་དཔྱད་དང་བསིལ་དྲོད་ཀྱི་སྨན་སྦྱོར་ཅི་ལྟ་བུ་བྱས་ཞེས་ཐབས་མཁས་ཀྱིས་བཙལ་བས་དཔྱད་འདི་བཞིན་བྱས།སྨན་འདི་དང་འདི་འདྲ་སྦྱར་ཞེས་པའི་ཚིག་རྙེད་པ་ཙམ་གྱིས་སྦྱོར་བ་སྨན་གནས་དང་སྦྱར་ནས་བརྟགས་པས་ཚ་གྲང་གི་རིགས་ཕྱོགས་མཐུན་རྟོགས་པར་ནུས་པའོ།།

ལྔ་པ། བཅུད་ལ་བོར་བ།

ནད་པ་ལ་ན་ལུགས་སོགས་དྲིས་པས་གསལ་པོར་མི་སྨྲ་བ་ལས་ཚུལ་བཞིན་མ་རྟོགས་ན་འོལ་ཚོད་ཀྱི་དབང་གིས་ནད་འདི་ཡིན་ཞེས་སྨྲ་བར་མི་བྱའོ།།ཅིའི་ཕྱིར་ཞེ་ན། མི་མཁས་ཞེས་པའི་གཏམ་ངན་པ་སྒྲོག་ཏུ་འབྱུང་བའི་ཕྱིར།ངན་པའི་ཟས་སྤྱོད་འདི་དང་འདི་ལྟ་བུ་མི་བྱ་ཞིང་ཐོག་མར་གདོན་བཅོས་དགོས་པ་འདུག་ལ།དེ་ནས་སྨན་ཞིག་སྦྱར་ན་ངེས་པར་ཕན་ནོ་ཞེས་ངག་བྱིང་པོར་སྨྲས་པས།ནད་པ་དེའི་ངང་གིས་མི་ཐུབ་པར་གནས། འདི་ན་ཚུལ་འདི་ལྟར་ན་རྐྱེན་འདི་འདྲ་བྱུང་།བཅོས་འདི་ལྟ་བུ་ཞིག་བྱས་ཞེས་གསལ་པོར་འབྱིན་པར་འགྱུར་རོ།། 

དྲུག་པ། ཁ་བཅིང་བ།

ནད་པ་ཁ་ཅིག་དང་ཕྲད་ཚེ་ཐོག་མར་རང་ཉིད་ཀྱིས་མ་དྲིས་ནའང་དེ་ཉིད་ཀྱིས་ཕལ་ཆེར་སྨྲ་བར་བྱེད་པ་ལ་འགོ་སྨོས་པ་ཙམ་གྱིས་ནད་གང་ཡིན་ཁོང་དུ་ཆུད་པར་བྱས་ཏེ།ནད་གང་ཡིན་དང་ཅི་ན་བ་སོགས་སྨན་པས་ཤེས་ཀྱི་ཁྱོད་རང་བཤད་མི་དགོས་ཞེས་གསལ་བར་བརྗོད་པས་སྐྱེ་བོ་ཕལ་ཆེར་རྣམས་ངོ་མཚར་ཟེར་ཞིང་དགའ་བར་འགྱུར་རོ།།

བདུན་པ། སྤོ་ལ་གདོན་པ།

སྔར་གྱི་བརྟག་ཐབས་སྣ་ཚོགས་པ་དེ་རྣམས་ཀྱིས་ནད་འཁྲུལ་མེད་དུ་རྟོགས་པར་གྱུར་ན་སྨན་པ་གཞན་དག་རྣམས་ནི་རྩ་ཆུ་ན་ལུགས་དྲི་བ་སོགས་མང་པོས་བརྟག་དགོས་པ་ཡིན་གྱི།ང་ལ་ནི་དེ་ལྟ་བུ་མ་ཡིན་ཏེ། རྩ་ཆུ་དང་དྲི་མ་ལ་བརྟག་པ་སོགས་གང་ཡང་རུང་བ་ཞིག་ལ་བརྟགས་པས་ཤེས་ཤིང་འདི་ཡིན་ནོ་ཞེས་སོགས་ཁ་དམར་གདགས་པས།སྨན་པས་མིག་གིས་བལྟས་པ་ཙམ་གྱིས་ཆོག་གོ་ཞེས་སྙན་པའི་གྲགས་པ་འབྱུང་ལ།ཡང་ན་གཞན་རྣམས་ལས་ཆེས་ཞིབ་ཏུ་བརྟགས་པས་དེ་ནི་སྨན་པ་སུ་ལས་ཀྱང་བརྟག་པའི་ཚུལ་ལ་མཁས་པའི་ཕུལ་དུ་བྱུང་བའོ་ཞེས་པའི་གྲགས་པ་འབྱུང་ངོ་།།

བརྒྱད་པ། ཐབས་འོག་ཏུ་གཞུག་པ།

སྔར་གྱི་བརྟག་ཚུལ་དེ་དག་ཀུན་གྱིས་ཀྱང་གསལ་པོའི་སྐད་མི་སྟེར་བར་ནད་ངོས་མ་ཟིན་ན་རྣམ་པ་ཙམ་མཚུངས་པའི་ཁ་དམར་གདགས་པ་དང་།རྫོང་ལྟ་བུའི་བཙན་ས་ལ་བྲོས་པར་བྱའོ།། 

༡ རྣམ་པ་ཁ་དམར་དུ་གདགས་པ།

ཟས་སྤྱོད་མི་འཕྲོད་པ་དང་། གདོན་གྱིས་བསྐྱེད་ཅིང་ཁྱད་པར་དུ་རུལ་སྐྱུར་དང་དྲག་ཤུལ་རྗེན་ཟས་སོགས་གནོད་འདུག་ཅེས་བྱས་ལ།གཉེན་པོ་ཡང་ཚ་གྲང་གཉིས་ཀ་ལ་ཕན་གནོད་མེད་པའི་བསིལ་དྲོད་སྙོམས་པ་བསྟེན་པས་གནོད་པ་མི་སྐྱེལ་བའོ།།

༢ རྫོང་ལ་བྲོས་པ།

ནད་དང་སྨན་གྱི་མིང་དེ་སྔ་ན་མ་གྲགས་པ་དང་གཞན་གྱིས་མི་ཤེས་པའི་ངོ་མཚར་ཅན་བརྗོད་ན།ཁོང་རྣམས་ཀྱིས་སྔར་མ་གྲགས་ཤིང་མི་ཤེས་པ་དེ་ཐོས་པས། འདི་འདྲ་མ་ཐོས་ཤིང་ངོ་ཡང་མི་ཤེས་ཞེས་ངོ་མཚར་བརྗོད་པར་འགྱུར་ཞིང་དེ་ཡིས་མ་རྟོགས་པར་གྱུར་ཀྱང་མཁས་ཁྱད་འབྱིན་པར་འགྱུར་རོ།། 

 

གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།