0971-8201019
མ་ཤོག > གསར་འགྱུར། > སྐབས་དོན། >

 

 

ངོས་བཟུང་རྟགས་ལས་ཉེས་པ་དངོས་སུ་སྟོན་པ་བརྟག་པ།

ཡོང་ཁུངས།   བོད་ཀྱི་གསོ་རིག   |   ཀློག་གྲངས།    

དང་པོ། སློང་བ་རྒྱུའི་སྒོ་ནས་བརྟག་པ

ཐོག་མར་ནད་གང་ཡང་ངོས་འཛིན་པའི་ཚེ་ནད་སློང་བའི་རྒྱུ་རྐྱེན་ཟས་སྐོམ་དང་སྤྱོད་ལམ་རྣམས་རིམ་པ་བཞིན་གང་དང་ཅི་ལྟ་བུ་ཟོས་ཤིང་འཐུངས།ཉལ་འདུག་འགྲོ་འཆག་གང་དང་ཅི་ལྟ་བུ་བྱས་ཞེས་པའི་ཟས་སྤྱོད་སོགས་ལེགས་པར་དྲིས་པས་ཀྱང་ནད་ཀུན་ཚུལ་བཞིན་རྟོགས་པར་ནུས་ལ།ཁྱད་པར་དུ་སློང་བའི་རྐྱེན་དུས་དང་དབང་པོ་དམན་ལྷག་ལོག་པ་སོགས་ནད་ཀྱི་རྐྱེན་བསྟན་པའི་སྐབས་དང་བསྟུན་ནས་དྲིས་པས་ཤེས་པའོ།།

གཉིས་པ། མཚན་ཉིད་རྟགས་ཀྱི་སྒོ་ནས་བརྟག་པ།

མཚན་ཉིད་རྟགས་ཀྱི་སྒོ་ནས་བརྟག་པ་ལ་གང་བརྟག་པའི་གཞི་དང་།གང་ལ་བརྟག་པའི་ཡུལ་དང་། གང་དུ་བརྟག་པའི་སྒོ་དང་།ཇི་ལྟར་བརྟག་པའི་ཚུལ་དང་རྣམ་པ་བཞི་ཡོད། 

༡ བརྟག་པའི་ནད་གཞི།

་རྣམ་པར་གྱུར་པའི་ནད་རླུང་དང་མཁྲིས་པ་དང་བད་ཀན་གསུམ་ཡིན་ལ།དེ་ཡང་རང་རང་གི་མཚན་ཉིད་དང་འཕེལ་ཟད་གསོག་ལྡང་འཁྲུག་པ་སོགས་འཕེལ་འགྲིབ་ནད་ཀྱི་གནས་སུ་བཤད་པ་རྣམས་ཀྱིས་ནད་རྟགས་སོ་སོར་མ་འདྲེས་པར་མང་དུ་ཕྱེ་ཞིང་དོན་ཐོག་ཏུ་ཚ་བ་དང་གྲང་བའི་རྟགས་རྣམ་པ་གཉིས་སུ་ཧྲིལ་གྱིས་དྲིལ་བ་བརྟག་པར་བྱའོ།།

༢ བརྟག་པའི་ཡུལ།

དབང་པོ་ལྔ་དང་དེའི་ཡུལ་ལྔ་དང་དྲི་མ་ལྔ་སྟེ་བཅོ་ལྔའོ།།དབང་པོ་ནི་ནད་པའི་མིག་དང་རྣ་བ་དང་སྣ་དང་ལྕེ་དང་ལུས་དང་ལྔ།ཡུལ་ནི་ནད་པའི་དབང་པོ་དེ་རྣམས་ཀྱི་ཡུལ་རིམ་བཞིནགཟུགས་སྒྲ་དྲི་རོ་རེག་བྱ་དང་ལྔ།དྲི་མ་ནི་ནད་པའི་ལུད་པ་དང་འཁྲུ་བ་དང་སྐྱུག་པ་དང་དྲི་ཆུ་དང་ཁྲག་དང་ལྔ་ལ་བལྟ་རེག་དྲི་བའི་སྒོ་ནས་བརྟག་པའོ།།

༣ བརྟག་པའི་སྒོ།

ངད་ཅན་གྲང་བ་ལ་སོགས་པའི་ཡུལ་དང་།དབྱར་ལ་སོགས་པའི་དུས་དང་། རླུང་གི་མི་ལ་སོགས་པའི་རང་བཞིན་དང་།རྒས་པ་ལ་སོགས་པའི་ན་ཚོད་དང་། ཐོ་རངས་ལ་སོགས་པའི་ཉིན་ཞག་དང་།བཀྲེས་དུས་སོགས་ཟས་ཟོས་མ་ཟོས་དང་།དཔྱི་རྐེད་ལ་སོགས་པའི་ནད་ཀྱི་གནས་ཏེ་དེ་རྣམས་ཕན་ཚུན་སྒོ་བསྟུན་ནས་ལེགས་པར་བརྟག་པ་ལས་ཡུལ་དུས་སོགས་མཐའ་དག་མཚུངས་ན་རྐྱང་པའི་ནད་གསུམ་པོ་གང་རུང་ཡིན་ཞིང་།འདྲེས་ན་ལྡན་འདུས་ཡིན་པ་ལྟ་བུ་མ་འཁྲུལ་བར་རྟོགས་ནུས་པའོ།། 

༤ བརྟག་པའི་ཚུལ།

ནད་ཇི་ལྟར་བརྟག་པའི་ཚུལ་ལ་མིག་གིས་བལྟ་བ་དང་།སོར་མོས་རེག་པ་དང་། དྲི་བའི་སྒོ་ནས་བརྟག་པ་སྟེ་རྣམ་པ་གསུམ་ཡོད།

མིག་གིས་བལྟ་བ།

སྨན་པའི་མིག་གི་ཡུལ་དུ་གྱུར་པའི་བརྟག་པ་ཐམས་ཅད་དེ་ནད་པའི་ལུས་བོངས་ཆེ་ཆུང་དང་དབྱིབས་ཁ་དོག་སོགས་ཀུན་ལ་བརྟག་པར་བྱ་ཞིང་།ཁྱད་པར་དུ་ལྕེ་དང་དྲི་ཆུ་ལ་བརྟག་པར་བྱ་བ་འདི་ལྟ་བུ་ནི་མངོན་སུམ་དུ་མཐོང་བ་ཡུལ་གྱི་སྒོ་ནས་རིག་པའི་བརྟག་པའོ།།

སོར་མོས་རེག་པ།

ལུས་ཀྱི་ཡུལ་ཏེ་རེག་བྱ་ཚ་གྲང་འབུར་འཇམ་སོགས་ལ་བརྟག་ཅིང་ཁྱད་པར་དུ་ནད་དང་སྨན་པ་གཉིས་བརྡ་སྦྱོར་བའི་ཕྲིན་བསྲིང་བ་པོ་ལྟ་བུའི་རྩ་ལ་བརྟག་པར་བྱེད་པ་འདི་ནི་ཤེས་རབ་ཀྱི་སྤྱོད་པ་ཟབ་མོས་ལྐོག་གྱུར་གྱི་དོན་རིག་པའི་བརྟག་པའོ།།

དྲི་བའི་སྒོ་ནས་བརྟག་པ།

རྣ་བའི་ཡུལ་དུ་གྱུར་པའི་ཚིག་ཀུན་ཡིན་ཏེ། ཅི་ལྟར་ཞེ་ན།  རྒྱུ་རྐྱེན་གང་གིས་ན། ན་ལུགས་གང་ལྟར་ན། ལུས་ཀྱི་གནས་གང་ན་ན།རི་ཀླུངས་སོགས་གང་དུ་ན།སྔ་ཕྱི་གང་གི་ཚེ་ན་ན་ཞེས་འདྲི་ཞིང་ཁྱད་པར་དུ་ནད་ཀྱི་རྒྱུའི་རྐྱེན་དང་གནས་དང་མཚན་ཉིད་ཞིབ་ཏུ་དྲིས་ལ་བརྟག་གོ།དེ་ཡང་རྐྱེན་གང་གིས་བསླང་ཞེས་དྲིས་པ་ལས་ཉེས་པ་གསུམ་པོ་གང་ཡིན་ཤེས་ཤིང་།དེ་བཞིན་དུ་ལུས་ཀྱི་སྟོད་སྨད་ཕྱི་ནང་སོགས་གནས་གང་ན་ན་ཞེས་དྲིས་པ་ལས་འཇུག་པའི་སྒོ་དྲུག་པོ་གང་ཡིན་ཤེས་ལ།རྩུབ་ཅིང་ཡང་བ་སོགས་མཚན་ཉིད་ཀྱི་སྒོ་ནས་དྲིས་པ་ལས་ནད་རིགས་ཕྲ་མོའི་བྱེ་བྲག་དང་བཅས་པ་མ་འདྲེས་ཤིང་ཕྱེད་པར་འགྱུར་བས་བརྟག་པ་ཀུན་ལ་དྲི་བ་ཉིད་གཅེས་ཤིང་མཆོག་ཏུ་གྱུར་པ་ནི་ཐོས་པ་སྒྲ་རིག་གི་བརྟག་པའོ།།

གསུམ་པ། ཕན་གནོད་བསྟེན་པའི་སྒོ་ནས་བརྟག་པ།

ཟས་དང་སྤྱོད་ལམ་དང་སྨན་དང་དཔྱད་དེ་རྣམ་པ་བཞིའི་སྒོ་ནས་ངེས་པར་བྱ་དགོས་པ་ལས།དེ་བཞི་པོ་ཡང་སྔར་བསྟེན་པ་དང་ད་ལྟ་བསྟེན་བཞིན་པའི་ནང་ནས་ནད་སློང་བའི་རྒྱུར་གྱུར་པ་དེ་དང་ནད་ཀྱི་ངོ་བོ་གཉིས་པོ་ཕན་ཚུན་མཚན་ཉིད་མཐུན་ནམ་མི་མཐུན་དང་།སླད་ནས་ཀྱང་དེ་གཉིས་འཕྲོད་དམ་མི་འཕྲོད་སོགས་ཞིབ་ཏུ་བརྟགས་ཤིང་དཔྱད་པ་ལས་ཀྱང་ནད་རིགས་ཀུན་འཁྲུལ་མེད་དུ་ཤེས་པར་འགྱུར་ལ།དེ་ཡང་ཐེ་ཚོམ་དང་ཕྱོགས་ཙམ་གྱི་རྟགས་ལྟར་སྣང་བ་ཙམ་མ་ཡིན་པར་ལན་མང་པོ་ངེས་ཤེས་མ་འདྲོངས་ཀྱི་བར་དུ་བསྲིངས་པས་རྟོགས་པར་འགྱུར་བ་ཡིན་ཏེ་དེ་ལྟ་བུའི་ཚེ་ན་སྨན་པས་ནད་ཀྱི་ཉམས་རྙེད་ནས་ནད་པའི་གསོ་དོན་བདེ་བླག་ཏུ་ཤེས་པ་ཡིན་ནོ།།

 

གཙོ་ངོས།

རྒྱ་ཡིག་པར་ངོས།

ཁ་པར་པར་ངོས།

དབུ་རྩེར་ཐོན་པ།